Quotation & Maxim

སྤྱོད་འཇུག



༡༽ དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ།། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ།།
གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན།། ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར།།

༢༽ གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ།།
གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ།།
ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི།།
དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།།

༣༽འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན།། དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ།།
རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་།། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།

༤༽བདག་ནི་མལ་ན་འདུག་བཞིན་དུ།། གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་།།
སྲོག་འཆད་པ་ཡི་ཚོར་བ་དག། བདག་ཉིད་གཅིག་པུས་མྱོང་པར་འགྱུར།།

༥༽ གཤིན་རྗེའི་ཕོ་ཉས་ཟིན་པ་ལ།། གཉེན་གྱིས་ཅི་ཕན་བཤེས་ཅི་ཕན།།
དེ་ཚེ་བསོད་ནམས་གཅིག་བསྐྱབས་ན།། དེ་ཡང་བདག་གིས་མ་བསྟེན་ཏོ།།

༦༽ འགྲོ་བ་ནད་པ་ཇི་སྲིད་དུ།། ནད་སོས་གྱུར་གྱི་བར་དུ་ནི།།
སྨན་དང་སྨན་པ་ཉིད་དག་དང་།། དེ་ཡི་ནད་གཡོག་བྱེད་པར་ཤོག།

༧༽ ལོང་བས་ཕྱག་དར་ཕུང་པོ་ལས།། ཇི་ལྟར་རིན་ཆེན་རྙེད་པ་ལྟར།།
དེ་བཞིན་ཇི་ཞིག་ལྟར་སྟེས་ནས།། བྱང་ཆུབ་སེམས་འདི་བདག་ལ་སྐྱེས།།

༨༽ སེམས་ཅན་མི་སྲུན་ནམ་མཁའ་བཞིན།། དེ་དག་གཞོམ་གྱིས་ཡོང་མི་ལང་།།
ཁྲོ་བའི་སེམས་འདི་གཅིག་བཅོམ་ན།། དགྲ་དེ་ཐམས་ཅད་ཆོམས་དང་འདྲ།།

༩༽ མ་གྲངས་གྲོལ་བའི་ཁྲོད་གནས་ན།། སྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན།།
སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་།། སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་།།

༡༠༽ དོན་མེད་ས་རྐོ་རྩྭ་གཅོད་དང་།། ས་རིས་འདྲི་སོགས་བྱེད་གྱུར་ན།།
བདེ་གཤེགས་བསླབ་པ་དྲན་བྱས་ནས།། སྐྲག་པས་དེ་ཡི་མོད་ལ་དོར།།

༡༡༽ གཞན་དོན་ཡལ་བར་འདོར་བ་དང་།། རང་དོན་གཉེར་བར་འདོད་པ་དང་།།
སྨྲ་བར་འདོད་པའི་སེམས་བྱུང་ན།། དེས་ནི་ཤིང་བཞིན་གནས་པར་བྱ།།

༡༢༽ ཁྲི་ལ་སོགས་པ་བབ་ཅོལ་དུ།། སྒྲ་དང་བཅས་པ་མི་དོར་རོ།།
སྒོ་ཡང་དྲག་ཏུ་མི་དབྱེ་སྟེ།། རྟག་ཏུ་གཅོམ་བསྐྱུངས་དགའ་བར་བྱ།།

༡༣༽ ཆུ་སྐྱར་བྱི་ལ་ཆོམ་རྐུན་དག། སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས།།
མངོན་པར་འདོད་པའི་དོན་སྒྲུབ་པ།། ཐུབ་པས་རྟག་ཏུ་དེ་བཞིན་བྱ།།

༡༤༽ སྨྲ་ན་ཡིད་ཕེབས་འབྲེལ་བ་དང་།། དོན་གསལ་ཡིད་དུ་འོང་བ་དང་།།
ཆགས་སྡང་ཞེ་སྡང་སྤང་བ་དང་།། འཇམ་ཞིང་རན་པར་སྨྲ་བར་བྱ།།

༡༥༽ སོ་ཤིང་དང་ནི་མཆིལ་མ་དག། དོར་བ་ན་ནི་དགབ་པར་བྱ།།
གཅི་ལ་སོགས་པའང་ལོངས་སྤྱོད་པའི།། ཆུ་དང་ཐང་ལ་དོར་བར་སྨད།།

༡༦༽ ཁ་བཀང་བ་དང་སྒྲ་བཅས་དང་།། ཁ་གདངས་ནས་ནི་བཟའ་མི་བྱ།།
རྐང་པ་བརྐྱང་སྟེ་མི་འདུག་ཅིང་།། ལག་པ་མཉམ་པར་མི་མཉེའོ།།

༡༧༽ གོམས་ནི་སླ་བར་མི་འགྱུར་བའི།། དངོས་འདི་གང་ཡང་ཡོད་མ་ཡིན།།
དེ་བས་གནོད་པ་ཆུང་གོམས་པས།། གནོད་པ་ཆེན་པོ་བཟོད་པར་བྱའོ།།

༡༨༽བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་བཤེགས་མཆོད་ལ་སོགས།།
ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར།།

༡༩༽ཡོན་ཏན་དང་པོ་སློབ་དཀའ་ལ།། ཤེས་བཞིན་མེད་ན་ཉམས་པ་སླ།།
ཆུ་ཐིག་བསགས་པས་འགེངས་དཀའ་ཡང་།། འབོ་ན་ཅིག་ཅར་ཉིད་དུ་འཛད།།

༢༠༽གཉིད་མེད་པ་ལ་མཚན་མོ་རིང་།། ངལ་བར་འགྱུར་ལ་དཔག་ཚད་རིང་།།
དམ་པའི་ཆོས་ནི་མི་ཤེས་པའི།། བྱིས་པ་རྣམས་ལ་འཁོར་བ་རིང་།།

༢༡༽བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ།། ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན།།
ཁྱོད་དང་ང་གཉིས་སྟན་གཅིག་ལ་འདུག་པ།། འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན།།

༢༢༽རྒྱལ་སྲས་རྣམས་ཀྱིས་མི་བསླབས་པའི།། གནས་འདི་གང་ཡང་ཡོད་མ་ཡིན།།
དེ་ལྟར་གནས་པའི་མཁས་པ་ལ།། བསོད་ནམས་མི་འགྱུར་གང་ཡང་མེད།།

༢༣༽ སོར་མོས་བརྡ་ནི་མི་བྱ་སྟེ།། གུས་དང་བཅས་པ་གཡས་པ་ཡི།།
ལག་པ་དག་ནི་ཀུན་གྱིས་ཀྱང་།། ལམ་ཡང་དེ་ལྟར་བསྟན་པར་བྱ།།

༢༤༽བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།།
ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར།།

ལེགས་བཤད།



༡༽ འབྱོར་པའི་དུས་ན་ཐམས་ཅད་གཉེན།། གལ་ཏེ་རྒུད་ན་ཀུན་ཀྱང་དགྲ།།
རིན་ཆེན་གླིང་དུ་རིང་ནས་འདུ།། མཚོ་སྐམ་པ་ལ་སུ་ཡང་སྤོང་།།

༢༽ ཤེས་རབ་ལྡན་པ་མགོ་སྐོར་ཀྱང་།། བྱ་བའི་ཆ་ལ་རྨོངས་མི་འགྱུར།།
སྲོག་ཆགས་གྲོག་མོ་མིག་མེད་ཀྱང་།། མིག་ལྡན་གཞན་པས་ལྷག་པར་མགྱོགས།།

༣༽ སྲྨས་ཤིང་བསྐུལ་བར་གྱུར་པ་ན།། དུད་འགྲོ་ལ་ཡང་གོ་བར་སྐྱེ།།
མ་བསྐུལ་གཞན་གྱིས་མ་སྨྲས་པར།། བསམ་པ་ཤེས་ན་མཁས་པ་ཡིན།།

༤༽ སྐྱེ་བོ་དམ་པ་རིན་ཆེན་བཞིན།། རྣམ་པ་ཀུན་ཏུ་འགྱུར་ལྡོག་མེད།།
སྐྱེ་བོ་ངན་པ་སྲང་མདའ་བཞིན།། ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད།།

༥༽ མང་པོ་གཅིག་ཏུ་བློ་མཐུན་ན།། ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ།།
སྲོག་ཆགས་གྲོག་མོའི་ཚོགས་འདུས་པས།། སེངྒེའི་ཕྲུ་གུ་བསད་ཅེས་གྲགས།།

༦༽ ནང་དུ་ཅུང་ཟད་འབྱོར་གྱུར་ན།། ཕྱི་རུ་དྲེགས་པའི་རྣམ་འགྱུར་སྟོན།།
ཆུ་ཡི་ཡོངས་སུ་གང་བའི་ཚེ།། སྤྲིན་རྣམས་གཡོ་ཞིང་འབྲུག་སྒྲ་སྒྲོགས།།

༧༽ ནོར་གྱི་མཆོག་ནི་སྦྱིན་པ་སྟེ།། བདེ་བའི་མཆོག་ནི་སེམས་སྐྱིད་པ།།
རྒྱན་གྱི་མཆོག་ནི་ཐོས་པ་སྟེ།། གྲོགས་པོའི་མཆོག་ནི་མི་བསླུ་བའོ།།

༨༽ ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་།། བླ་མ་མེད་ན་སྲིད་མཐར་མེད།།
སྐྱ་བ་འཛིན་པ་མེད་ན་ཡང་།། ཆུ་ཡི་ཕ་རོལ་ཕྱིན་པ་མེད།།

༩༽ སྡོང་བུ་གཅིག་ལ་སྐྱེས་པ་ཡི།། རྩ་རྣམས་རླུང་གིས་ཕྱོགས་བཅུར་འཐོར།།
དེ་བཞིན་ལྷན་ཅིག་སྐྱེས་པ་ཡི།། སྐྱེ་བོ་ལས་ཀྱིས་སོར་སོ་འབྲལ།།

༡༠༽ ཐོས་པ་མེད་པའི་སྒོམ་པ་དེ།། རེ་ཞིག་སྒྲུབ་ཀྱང་མྱུར་དུ་འཇིག།
གསེར་དངུལ་ལེགས་པར་བཞུ་ན་ཡང་།། མེ་དང་འབྲལ་ན་སྲ་བར་འགྱུར།།

༡༡༽ངན་པ་ཇི་ལྟར་བཅོས་གྱུར་ཀྱང་།། རང་བཞིན་བཟང་པོ་འབྱུང་མི་སྲིད།།
སོལ་བ་འབད་དེ་བཀྲུས་ན་ཡང་།། ཁ་དོག་དཀར་བ་མི་སྲིད་དོ།།

༡༢༽ ཡོན་ཏན་ལྡན་པའི་སྐྱེས་བུ་ནི།། ས་ཕྱོགས་གཞན་དུ་ཕྱིན་ན་བྲིན།།
ཁུ་བྱུག་མོན་དུ་སྐྱེས་ན་ཡང་།། ཅ་ཅོ་བྷོ་ཊའི་དབུས་ན་སྙན།།

༡༣༽ ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་འགོད་པར་བྱེད།།
ཁྭ་ཏས་མི་གཙང་སྦགས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།།

༡༤༽ དམ་པ་ཇི་ཙམ་རྒུད་ན་ཡང་།། བཟང་པོའི་རང་བཞིན་ག་ལ་དོར།།
ཤུག་པའི་ལོ་མ་མེར་བཅུག་ན།། ལྷག་པར་དྲི་བཟང་རྒྱས་པ་བཞིན།།

༡༥༽ ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།།
དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།

༡༦༽ གནའ་བོའི་ལུགས་དང་དམ་པའི་སྲོལ།། བརྩི་བཞག་ཤིན་ཏུ་ཆུང་བ་ཡི།།
མ་རབས་རྣམས་ཀྱི་ནང་དུ་ནི།། ཡ་རབས་སྤྱོད་པ་གསལ་མི་འགྱུར།།

༡༧༽ ས་འདི་མ་རབས་ཀྱིས་གང་ཡང་།། རང་ཉིད་ཡ་རབས་སྤྱོད་པར་བྱ།།
དེ་ལྟ་ན་ནི་ཆོས་ཉིད་ཀྱིས།། རང་ལ་ཕུན་སུམ་ཚོགས་པར་འགྱུར།།

༡༨༽ དེ་ཕྱིར་བཟང་ངན་བྱ་བའི་རིགས།། མཐོང་བ་ཤིན་ཏུ་རྒྱ་ཆེ་ཞིང་།།
ཁྱད་པར་ཆབ་སྲིད་ཆེན་པོའི་སྲོལ།། མཐོང་ཞིང་ཐོས་པ་གནད་དུ་ཆེ།།

༡༩༽ རང་ལས་གཅེས་པར་གྱུར་པ་ནི།། འཇིག་རྟེན་འདི་ནང་མེད་བཞིན་དུ།།
རང་གི་སྐྱོན་ཡོན་མི་བསམ་པ།། དུད་འགྲོ་རྣམས་དང་ཁྱད་པར་ཅི།།

༢༠༽ ཉམས་ཆུང་སྟེང་དུ་དཔའ་ཐལ་ན།། ཉམས་ངའི་གཡང་དུ་ལྷུང་འགྱུར་ཏེ།།
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།། སྐམ་ལ་ཡར་ན་འཆི་བར་འགྱུར།།

༢༡༽ རིགས་ངན་ཅུང་ཟད་འབྱོར་ན་ཡང་།། རྒྱལ་པོ་ལྟ་བུའི་ཁེངས་དྲེགས་འཛིན།།
གཅོང་རོང་དོགས་མའི་ཆུ་བྲན་དེ།། འུར་སྒྲ་རྒྱ་མཚོའི་རྦ་ཀློང་འདྲ།།

༢༢༽ཐ་ཤལ་རྣམས་ནི་མགུ་སླ་ཞིང་།། མགུ་བའི་མོད་ལ་ཁྲེལ་ཡང་སླ།།
ཕུ་ཐག་ཐུང་བའི་ཆུ་ཕྲན་དེ།། བྲུབས་དང་བྲི་བ་ཡུད་ཙམ་ཡིན།།

༢༣༽ མ་རབས་གཅེས་པར་བསྐྱངས་ན་ཡང་།། དྲིན་དུ་མི་ཚོར་འཁྲུགས་པར་བྱེད།།
བསིལ་བའི་ཆུ་ཡིས་བྲན་ན་ཡང་།། རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ།།

༢༤༽ ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་།། བྱ་བ་ཟིན་ན་བརྗེད་པར་འགྱུར།།
ཆུ་ཡི་ཕ་རོལ་བརྒལ་བ་ན།། གྲུ་གཟིངས་ལྟོས་པ་མེད་པར་དོར།།

༢༥༽སྐྱེ་བོ་ངན་པ་བཅོས་ན་ཡང་།། རྐྱེན་དང་འཕྲད་ཚེ་རང་མདོག་སྟོན།།
ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ།། བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ།།

༢༦༽ ཁེངས་དྲེགས་སྤྱོད་པ་རྩིང་བ་ལ།། དོན་མེད་རྣམས་ཀྱང་དགྲ་རུ་སྡང་།།
རྒྱགས་ཤིང་འཕྱར་བའི་གངྒ་མ།། ཛ་ཧུ་ཁྲོས་པའི་ཧུབ་ཀྱིས་འཐུང་།།

༢༧༽ རང་རྒྱུད་སྐྱོན་གྱི་ཆ་འཕེལ་ན།། རི་གཟར་དག་གི་འབབ་ཆུ་བཞིན།།
འོག་ནས་འོག་ཏུ་འགྲོ་བ་ལ།། ལག་ནས་དྲངས་ཀྱང་ལྡོག་མི་བཏུབ།།

༢༨༽ལུས་ཟུངས་ཐུབ་པ་སེངྒེ་འདྲ།། བརྙས་སུ་མི་བཏུབ་ཟིལ་གནོན་ཆེ།།

༢༩༽ ངག་ཟུངས་ཐུབ་པ་དྲང་སྲོང་འདྲ།། སྐྱེ་བོ་ཐམས་ཅད་ཡིད་ཆེས་དགའ།།

༣༠༽ཡིད་ཀྱི་ཟུངས་ཐུབ་ནོར་བུ་འདྲ།། བདག་དང་གཞན་གྱི་འདོད་པ་འཇོ།།

༣༡༽ ལུས་ཀྱི་ཟུངས་མ་ཐུབ་པ་དེ།། ཁྱུ་མཆོག་རྭ་ཆད་བཞིན་དུ་བརྙེས།།

༣༢༽ངག་གི་ཟུངས་མ་ཐུབ་པ་དེ།། ཁྭ་བཞིན་གཞན་གྱི་སྡང་ཞིང་གཤེ།།

༣༣༽ཡིད་ཀྱི་ཟུངས་མ་ཐུབ་པ་དེ།། རླུང་ཁྱེར་རྫས་བཞིན་གཏོལ་མེད་འགྲོ།།

༣༤༽དྲང་པོས་དྲང་པོ་བསྐྱངས་པ་ན།། སྐྱེ་བོའི་གྲོགས་ཡུན་ཆུ་བས་རིང་།།
གཡོན་ཅན་འདོད་པས་བཀུགས་པའི་གྲོགས།། ཇི་ལྟར་བྱམས་ཀྱང་ནམ་ཕུག་འདྲ།།

༣༥༽དྲང་ན་ལྷ་ཡང་མགུ་ནས་འདུ།། དྲང་པོ་ལྷ་ཡི་གནས་སུ་འགྲོ།།

༣༦༽དམ་པ་རྣམས་ཀྱིས་སྨྲས་ཟིན་ཚིག། དོན་ཆེན་མེད་ཀྱང་ལྡོག་དཀའ་ན།།
དོན་ཆེན་ལྡན་དང་མནའ་བོར་བའི།། ཚིག་ལས་ལྡོག་པ་ག་ལ་སྲིད།།

༣༧༽ཤེས་རློམས་དབང་ཅན་མང་བ་ཡིས།། ཡུལ་ཁམས་འདུན་གྲོས་འཇིག་འགྱུར་ཏེ།།
གཡས་གཡོན་ཀུན་ནས་ཆུས་འབུར་བའི།། ས་ལ་མཁར་ཁྱིམ་བརྟེན་མི་སྲིད།།

༣༨༽ཚེར་མའི་ཤིང་ལ་བསྟེན་བྱས་ན།། གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ།།
སྐྱེ་བོ་ངན་ལ་བསྟེན་བྱས་ཀྱང་།། ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་བསྐྱེད།།

༣༩༽མཁས་པ་ཡོན་ཏན་ཀུན་ལྡན་དེ།། རློམ་སེམས་མེད་པར་ཞི་ཞིང་འདུལ།།
སྙེ་མའི་ཁུར་གྱིས་བརྗིད་པ་ཡི།། ལྗོན་ཤིང་རྩེ་མོ་དུད་དེ་གནས།།

༤༠༽སྐྱེས་མཆོག་རང་གི་སྐྱོན་ལ་བལྟ།། སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ།།
རྨ་བྱ་རང་གི་ལུས་ལ་རྟོག།། སྲིན་བྱ་གཞན་ལ་ལྟས་ངན་གཏོང་།།

༤༡༽མཁས་པ་རང་གི་སྤྱོད་ཤེས་ཀྱིས།། བླུན་པོ་གྲགས་པའི་རྗེས་སུ་འབྲང་།།
ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུག།

༤༢༽བློ་དང་ལྡན་ན་ཉམས་ཆུང་ཡང་།། སྟོབས་ལྡན་དགྲ་ཡིས་ཅི་བྱར་ཡོད།།
རི་དྭགས་རྒྱལ་པོ་སྟོབས་ལྡན་པ།། རི་བོང་བློ་ཅན་གཅིག་གིས་བསད།།

༤༣༽ངན་པ་ཇི་ལྟར་བཅོས་གྱུར་ཀྱང་།། རང་བཞིན་བཟང་པོ་འགྱུར་མི་སྲིད།།
སོལ་བ་འབད་དེ་བཀྲུས་ན་ཡང་།། ཁ་དོག་དཀར་བ་མི་སྲིད་དོ།།

༨༣༽གཏམ་སྨྲ་འདོད་ལྐོག་མའི་ཕུག་ལ་བཞག། ཁོང་གྲལ་གང་གི་མི་ལ་ལན་གསུམ་བལྟ།།
ཕོག་མེད་ན་སྙན་པའི་ཚིག་གིས་གླེང་།། གྲལ་གར་འཛོམས་ས་ན་མཛེས་པ་ཡིན།།

༤༤༽ རྒྱུད་ཡོན་ཏན་ཅུང་ཟད་ཡོད་པ་འདི།། རློམས་དྲག་ན་སྐྱོན་དུ་ཆེ་བ་ཡིན།།
ལུས་མཛེས་པར་བྱེད་པའི་རྒྱན་ཆ་འདི།། ངོམས་དྲག་ན་རང་གཟུགས་བཙོང་བ་ཡིན།།

༤༥༽མི་ང་རྒྱལ་ཅན་ལུ་གཤགས་མི་འཇུག། ཕོ་བསོད་ནམས་ཅན་ལ་དོ་མ་འགྲན།།
སེམས་གདུག་རྩུབ་ཅན་གྱི་སྨ་མ་ཕབ།། མཐུ་དྲག་རྩལ་ཅན་དང་འཁོན་མི་་འཇུག།

༤༦༽ལུགས་ངན་པ་ཕ་སྲོལ་ཡིན་ཀྱང་སྤོངས།། ལུགས་བཟང་པོ་དགྲ་ཡིས་འཇུག་ཀྱང་ཟུངས།།
དུག་མ་ཡིས་བྱིན་ཀྱང་ཟ་མི་འོས།། གསེར་དགྲ་བོས་བྱིན་ཀྱང་ལེན་པ་ཡིན།།

༤༧༽རྐུ་འཕྲོག་གི་སྦྱིན་པ་གཏོང་བ་དང་།། སྲོག་བཅད་ནས་དཀོན་མཆོག་མཆོད་པ་གཉིས།།
ལས་དགེ་བར་རློམས་ཀྱང་སྡིག་པ་ལྕི།། མི་བླུན་པོས་དམྱལ་བ་སྒྲུབ་ཐབས་ཡིན།།

བཤེས་སྤྲིངས།



༡༽ གཞན་གྱི་ཆུང་མ་མི་བལྟ་མཐོང་ན་ཡང་།། ན་ཚོད་མཐུན་པར་མ་དང་བུ་མོ་དང་།།
སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན།། མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི།།

༢༽ ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག། ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི།།
རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ཀྱིས་ནི།། ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས།།

༣༽ མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ།། སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ།།
མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི།། སྨིན་པ་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད།།

༤༽ བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ།། དྲི་ང་བ་དང་སྒོ་དགུ་དོད་པ་དང་།།
མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང་།། པགས་པས་གཡོགས་པ་རྒྱན་ཡང་ལོགས་ཤིག་གཟིགས།།

༥༽ ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ།། རབ་ཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས།།
ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན།། ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས།།

༦༽ དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ།། འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ།།
ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ།། དེ་ལས་འབྱུང་བའི་སྡུག་བསྔལ་དེ་སྙེད་དོ།།

༧༽ ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས།། འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།།
རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས།། མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།།

ཁ་ཆེ་ཕ་ལུའི་བསླབ་བྱ།



༡༽ སེམས་པ་དཀའ་བ་དཔྱད་ནས་འགྲོ་འདོད་ཀྱང་།། ལུས་པོ་ཞིམ་པོ་ཟས་ནས་སྡོད་འདོད་ཆེ།།
ལུས་པོ་སྐྱིད་པོ་སྡོད་པ་ཞག་གསུམ་དང་།། སེམས་པ་སྡུག་པ་ཕུག་གི་ཕུག་ནས་སྡུག།

༢༽ རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་དང་།། སྤྲང་ཕྲུག་བན་པོའི་འོག་ཏུ་སྡོད་པ་གཉིས།།
མི་རྟག་འཆི་བ་བྱུང་དུས་འདྲ་འདྲ་རེད།།

༣༽ འདོད་པའི་ཞགས་ཐག་རྐང་ནས་མ་ཁྲོལ་ན།། ལྷ་ཆོས་བྱེད་སོར་ཟེར་ཀྱང་སྟོང་པ་རེད།།
གཤོག་སྒྲོ་དར་གྱི་སྐུད་པས་བསྡམས་པ་ན།། རྒོད་པོ་ཡིན་ཀྱང་ནམ་འཕང་ཆོད་དོགས་མེད།།

༤༽ ཁོང་ཁྲོ་དབང་དུ་འདུས་ན་མཁས་པའི་རྟགས།། ཁོང་ཁྲོའི་རྗེས་ལ་འགྲོ་མི་གླེན་པ་རེད།།
བསམ་བློ་སྔོན་ལ་ཐོངས་ན་མཁས་པ་དང་།། རྐྱེན་རྩ་མདུན་དུ་ལྷགས་པ་སུས་ཀྱང་མཐོང་།།

༥༽ བཟང་ན་བཟང་དང་ངན་ན་ངན་གྱི་ལན།། འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས།།

༦༽ ཞིམ་ཚད་མ་ཟ་འཇམ་ཚད་མ་གྱོན་ཅིག། ཁ་ལུས་གཉིས་ཀྱིས་སྡུག་ལ་སྦྱར་ཡང་ངོ་།།

༧༽ ཁ་ལས་མི་སྟེར་དགུ་སྟེར་ཨ་མས་སྟེར།། ལུས་ལ་མི་གཡོགས་དགུ་གཡོགས་ཨ་མས་གཡོགས།།

༨༽ མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར།། ལམ་ངན་བཏོད་ནས་འཛམ་གླིང་ཕུང་ལ་སྦྱོར།།
བ་མོ་གཅིག་གིས་མི་ཡི་ཞིང་བཟས་ནས།། བ་མོ་ཡོངས་ཀྱི་འགྲོ་བའི་ལམ་བུ་བཀག།

༩༽ འཇམ་ར་དྲག་ན་དགྲ་བོ་གཉའ་རེངས་ཡོང་།། གྱོང་ར་དྲག་ན་འགག་ལ་ཐུག་པའི་ཉེན།།

ཇི་སྐད་དུ།



༡༽ ཕ་བླ་མ་མེད་པའི་གོང་རོལ་ན།། བུ་སངས་རྒྱས་བྱ་བའི་མིང་ཡང་མེད།།
བསྐལ་པ་སྟོང་གི་སངྱས་ཀྱང་།། བླ་མ་དག་ལ་བརྟེན་ནས་བྱུང་།།

༢༽ ཚེ་དེ་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས།།
ངང་པས་ཆུ་ལས་འོ་མ་ལེན་པ་བཞིན།། རང་གི་འདོད་པ་དང་ལུ་བླང་བར་བྱོས།།

༣༽བཟང་འབྲེལ་ཚེ་གཅིག་སངས་རྒྱས།། ངན་འབྲེལ་འཁོར་བ་མཐའ་ཅན།།

༤༽བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས།། གཟུགས་བརྙན་ཆེ་ཆུང་ཙམ་གྱིས་རྗེས་མི་འགྲོ།།

༥༽བྱ་བ་ཐམས་ཅད་བརྟག་ནས་བྱ།། མ་བརྟག་པ་ལ་བྱ་མི་རུང་།།
མ་བརྩམ་པ་ནི་མཆོག་ཡིན་ཏེ།། བརྩམ་ནས་དོར་བར་མི་བྱའོ།།

༦༽གཟུགས་མཛེས་པ་ལ་ཆགས་མི་རུང་།། གལ་ཏེ་དེ་ལ་ཆགས་གྱུར་ན།།
སྲོག་ཆགས་ཕྱེ་མ་ལེབ་འདི་ནི།། མར་མེའི་འོད་དུ་ལྕེབས་དང་མཚུངས།།

༧༽དེ་ཕྱིར་དངོས་པོའི་ཆོས་རྣམས་ཀུན།། དབྱར་གྱི་དུས་ཀྱི་འཇའ་ཚོན་བཞིན།།
ཤིན་ཏུ་མཛེས་པར་སྣང་ན་ཡང་།། བདེན་མེད་འཕྲུལ་དུ་སྤང་བར་བྱ།།

༨༽ སྒྲ་སྙན་པ་ལ་ཆགས་མི་འོས།། ཅི་སྟེ་དེ་ལ་ཆགས་གྱུར་ན།།
གླུ་ལ་མཁས་པའི་གསེར་སྦྲང་འདི།། མེ་ཏོག་ནང་དུ་འཐུམས་ལ་ལྟོས།།

༩༽ རོ་མངར་བ་ལ་ཆགས་མི་རིགས།། གལ་ཏེ་དེ་ལ་ཆགས་གྱུར་ན།།
ཡིད་འོང་གསེར་མིག་ཉ་མོ་འདི།། ཉ་པའི་ལྕགས་ཀྱུས་འཛིན་དང་མཚུངས།།

༡༠༽ རེག་བྱ་འཇམ་ལ་ཆགས་མི་རུང་།། ཅི་སྟེ་དེ་ལ་ཆགས་གྱུར་ན།།
དབྱར་དུ་ཚ་བས་གདུང་བ་ཡིས།། གླང་ཆེན་འདམ་དུ་འབྱིངས་པ་འདྲ།།

༡༡༽ ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན།། ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན།།
དགེ་སྡིག་ཀུན་གྱི་གཡོག་པོ་ལུས་འདི་ཡིན།།

༡༢༽དགེ་བ་ཕྲ་མོ་ཙམ་ལ་ཡང་།། མི་ཕན་སྙམ་དུ་བརྙས་མི་བྱ།།
ཆུ་ཡི་ཐིགས་པ་བསགས་པ་ཡིས།། སྣོད་ཆེན་རིམ་གྱིས་གང་བར་འགྱུར།།

༡༣༽ཐ་སྙད་ལ་ནི་མ་བརྟེན་ན།། དམ་པའི་དོན་ནི་རྟོགས་མི་བྱ།།
དམ་པའི་དོན་ནི་མ་རྟོགས་ན།། མྱ་ངན་འདས་པ་ཐོབ་མི་འགྱུར།།

༡༥༽ མ་འོངས་པའི་མདུན་མ་བསྲུ།། མ་འོངས་པའི་མདུན་བསྲུས་ན།།
ཟླ་བ་གྲགས་པའི་ཕ་དང་འདྲ།།

༡༦༽རི་ཁྲོད་དབེན་པའི་གནས་མཆོག་ན།། སྤྱོད་ལམ་ཐམས་ཅད་དགེ་བ་ཡིན།།

༡༧༽འཆི་བ་མི་རྟག་རླུང་གསེབ་མར་མེ་འདྲ།། གཤིན་རྗེའི་ཕོ་ཉ་ནམ་མཁའི་གློག་ལས་མྱུར།།
བརྩོན་འགྲུས་དྲག་པོ་རྟ་ལ་མ་བཞོན་ན།། འཁོར་བའི་ཕ་རོལ་བགྲོད་པ་ག་ལ་འགྱུར།།
ཅིས་ཀྱང་དགོས་མེད་འདི་ལ་ནན་ཏན་མཛོད།།

ལུང་གཞན།



༡༽ མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།
དེ་བས་མགོན་པོ་ཐབས་མཁས་པས།། ཆོས་རྣམས་མིང་དུ་བཏགས་པར་མཛད།།
༼མདོ་སྡེ་ལངྐར་གཤེགས་པ་༽

༢༽ དམ་པས་མང་པོ་ཁས་ལེན་མི་བྱེད་ཅིང།། གལ་ཏེ་དཀའ་ལས་ཁས་ནི་བླངས་གྱུར་ན།།
རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ།། ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ།།༼ཤེས་རབ་སྡོང་པོ་༽

༣༽ དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས།། རྒྱ་མཚོ་ཆེར་ཡང་གཉའ་ཤིང་གི།
བུ་གར་རུས་སྦལ་མགྲིན་ཆུད་ལྟར།། མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས།།༼བཤད་འཕྲིན་༽

༤༽ རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན།།
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།།
གཞན་དག་ཚར་བཅད་རྗེས་སུ་བཟུང་བར་བྱ་ཕྱིར་དང་།།
བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་སློབ་བྱེད།།༼མདོ་སྡེ་རྒྱན་༽

༥༽སེམས་ནི་རི་མོ་མཁན་དང་འདྲ།། སེམས་ཀྱིས་ཕུང་པོ་བྱེད་པ་སྟེ།།
འཇིག་རྟེན་ཁམས་ནི་ཇི་སྙེད་པ།། དེ་དག་སེམས་ཀྱི་རི་མོ་ཡིན།།༼ཕལ་ཆེན་༽

༦༽ དུས་ཀྱིས་ཉན་ཏེ་རྒྱལ་པོ་འགྲོ་འགྱུར་ན།། འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་།།
སྐྱེས་བུ་འདི་ནི་གང་དང་གང་སྐྱེས་ཀྱང་།། ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་།།
༼རྒྱལ་པོ་གདམས་པ་༽

༧༽ རྟེན་ཅུང་འབྲེལ་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།།
དེ་ཕྱིར་སྟོང་ཉིད་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།།
༼དབུ་མ་རྩ་བ་ཤེས་རབ་༽

༨༽སྙན་ངག་གླུ་ཡི་མཛོད་དེ་ནི།། སྣང་བ་རིག་པའི་བསྟན་བཅོས་ཡིན།།
སློབ་དཔོན་འཕགས་པ་འཇམ་དཔལ་གྱིས།། དོན་ལ་ལྷ་དང་ལྷ་མིན་གཉིས།།
འཐབ་རྩོད་ཞི་བའི་དོན་དུ་མཛད།།༼ཤེས་མཛོད་ཡིད་བཞིན་ནོར་བུ་༽

༩༽སྐྱིད་སར་སྡུག་གླུ་མི་བླངས་འཚལ།། སྡུག་སར་སྐྱིད་གླུ་མི་བླངས་འཚལ།།
མང་སར་ཉུང་གླུ་མི་བླངས་འཚལ།། ཉུང་སར་མང་གླུ་མི་བླངས་འཚལ།།
སྐྱེ་རྒ་ན་འཆི་གླུ་མི་བླངས།།༼ཤེས་མཛོད་ཡིད་བཞིན་ནོར་བུ་༽

༡༠༽གླུ་འདི་ལ་བླ་མའི་བྱིན་རླབས་ཡོད།། ཚིག་འདི་ལ་ཡིད་དམ་མཁའ་འགྲོ་ཆགས།།
བྲོ་འདི་ལ་དམ་ཅན་རྒྱ་མཚོ་འདུ།། བཀྲིས་ཉི་མ་ཤར་བ་ལགས།།
༼ཀུན་མཁྱེན་ཀློང་ཆེན་གྱི་གསུང་མགུར་༽

༡༡༽འཕྲལ་ལ་ཉམས་དགའ་ཕུགས་སུ་བཀྲ་རེ་ཤིས།། ཇ་ཆང་སྐོམ་གྱི་རྒྱུན་ནི་རབ་བབས་ཤིང་།།
དཀོན་མཆོག་མཆོད་གླུས་བསོད་ནམས་གོང་དུ་འཕེལ།། ཀུན་ཀྱང་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད།།
༼ཤེས་མཛོད་ཡིད་བཞིན་ནོར་བུ་༽

༡༢༽གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས།། མཁའ་སྤྱོད་གནས་སུ་ཁྲིད་པར་བྱེ།།༼རྒྱུད་༽
༡༣༽ལུགས་སྲོལ་རྙིང་པོ་སྲོག་བཞིན་དུ།། གཅེས་ཤིང་གོང་འཕེལ་མ་བཏང་ན།།
རྩ་བ་རུལ་པའི་སྡོང་པ་བཞིན།། མི་འདོད་བཞིན་དུ་འགྱེལ་བར་འགྱུར།།༼ཀླུ་སྒྲུབ་༽

༡༤༽སེམས་ནི་ཀུན་ལ་དབང་བྱེད་རྒྱལ་པོ་འདྲ།། ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན།།
སེམས་ནི་དགེ་ན་ལུས་དང་ངག་ཀྱང་དགེ། སེམས་ནི་སྡིག་ན་ལུས་དང་ངག་ཀྱང་སྡིག།
༼བླ་མའི་ཞལ་ལུང་༽

༡༥༽གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ།། དེ་ལ་ཕྲག་དོག་མི་དགེའི་སེམས་སྤང་ནས།།
སྙིང་ནས་དགའ་བའི་རྗེས་སུ་ཡིད་རངས་ན།། དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།
༼བདེ་ཆེན་སྨོན་ལམ་༽

༡༦༽དུས་ཀྱིས་ཉན་ཏེ་རྒྱལ་པོ་འགྲོ་འགྱུར་ན།། འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་།།
སྐྱེས་བུ་དེ་ནི་གང་དང་གང་སྐྱེས་ཀྱང་།། ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་།།
༼གདམས་པ་༽

༡༧༽མ་གུས་པ་ལ་ཆོས་མི་བཤད།། མི་ན་བཞིན་དུ་མགོ་དཀྲིས་དང་།།
གདུགས་དང་མཁར་བ་མཚོན་ཐོགས་དང་།། མགོ་བོ་གཡོགས་པ་བདག་ལ་མིན།།༼འདུལ་བ་༽

༡༨༽འཆི་བའི་རྐྱེན་ནི་ཤིན་ཏུ་མང་།། འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་།།
དེ་ཡང་འཆི་བའི་རྐྱེན་དུ་འགྱུར།།༼ཨརྱ་དྷེ་བ་༽

༡༩༽ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ།། བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ།།
དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས།།༼སྨོན་ལམ་༽

༢༠༽ལུས་ཅན་བདག་གི་ལས་རྣམས་ནི།། བསྐལ་པ་བརྒྱར་ཡང་ཆུད་མི་ཟ།།
ཚོགས་ཤིང་དུས་ལ་འབབ་པ་ན།། འབྲས་བུ་ཉིད་དུ་སྨིན་པར་འགྱུར།།༼ལས་བརྒྱ་པ་༽

༢༡༽སྡིག་པ་ཆུང་ངུ་དག་ལ་ཡང་།། མི་གནོད་སྙམ་དུ་བརྙས་མི་བྱ།།
མེ་མདག་ཆུང་ངུ་དག་གིས་ཀྱང་།། རྩྭ་ཕུང་རི་ཙམ་སྲེག་པར་བྱེད།།༼མཛངས་བླུན་༽

༢༢༽ ཚོགས་མ་བསགས་པ་ལ་དངོས་གྲུབ་མེད།། བྱེ་མ་བཙིར་བས་མར་མི་འབྱུང་།།༼རྒྱུད་༽

༢༣༽སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ།།
དེ་ཀུན་མ་རིག་ལས་འབྱུང་བདེ་བར་གཤེགས་པས་གསུངས།།
རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་།།
མ་རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད།།༼ཤེར་ཕྱིན་༽

༢༤༽ཕ་ཤ་ཟ་ཞིང་མ་ལ་བརྡེགས།། གསོད་པའི་དགྲ་བོ་དཔང་དུ་བཟུང་།།
ཆུང་མས་ཁྱོ་ཡི་རུས་པ་འཆའ།། འཁོར་བའི་ཆོས་ལ་གད་མོ་བྲོ།།༼འཕགས་པ་ཀཱ་ཏྱཱ་ན༽

༢༥༽ཆུང་མ་ངན་དང་མཛའ་བོ་ངན།། རྒྱལ་པོ་ངན་དང་ཉེ་དུ་ངན།།
ཁྱིམ་མཚེས་ངན་དང་ཡུལ་ངན་རྣམས།། ཐག་རིང་དུ་ནི་སྤང་བར་བྱ།།༼ཤེས་རབ་སྡོང་པོ་༽

༢༦༽དད་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་ནི་མི་འབྱུང་སྟེ།།
ས་བོན་མེ་ཡིས་འཚིག་པ་ལ།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།།༼སྨན་མཆོག་༽

༢༧༽ གྱོད་པ་མེད་ན་བཤགས་པ་མི་དག་པས།། སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར།།
ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས།།༼སྨོན་ལམ་༽

༢༨༽ ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས།། དེ་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་།།

༢༩༽འཁོར་བ་ཁབ་ཀྱི་རྩེ་ཙམ་ལ།། བདེ་བ་ནམ་ཡངཡོད་མ་ཡིན།།༼མདོ་༽

༣༠༽སྙན་ངག་མཁན་ལ་ཅི་ཡང་རྒྱན།། མཁས་པས་བཤད་ན་ཅི་ཡང་བདེན།།
ལྟོ་འདུན་ཅན་ལ་ཅིང་ཡང་ཟས།། འདོད་ཆེན་ཅན་ལ་ཅི་ཡང་ནོར།།༼སྙན་ངག་༽

༣༡༽ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི་རུང་མི་འཁྲུངས་ལྟར།།
སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་།། སྐལ་བ་མེད་པས་བཟང་མི་མྱོང་།།༼མངོན་རྟོགས་རྒྱན་༽

༣༢༽ ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི།། ཐར་པ་རང་ལ་རག་ལས་ཤེས་པར་གྱིས།།
༼ཐུབ་པ་ཆེན་པོ་༽

༣༣༽ཆོས་ཆོས་བཞིན་དུ་མ་སྤྱད་ན།། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད།།
༼མཉམ་མེད་དྭགས་པོ་༽

༣༤༽ནོར་བསགས་པས་མི་སོག་བསོད་ནམས་བསགས་པས་སོག།
གྱོས་གྱོན་པས་མི་འཛད་དབང་ཐང་ཟད་ཉིན་ཟད།།
མི་ན་བས་མི་འཆི་དུས་ལ་བབ་ན་འཆི།།༼ཨྱོན་འཇིགས་མེད་དབང་པོ༽

༣༥༽ ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།།
༼བཤེས་འཕྲིན་༽

༣༦༽བུད་མེད་ཁ་ནི་མི་དགེ་བང་མཛོད་ཡིན།། ཤར་ཤུབ་མང་པོ་བུད་མེད་འདྲེ་དང་མཚུངས།།
༼ཟ་ཧོར་རྒྱལཔོ་༽

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s