སློབ་དཔོན་བཀྲིན་ཆེ།


མཆོད་པར་བརྗོད་པ།


ཨོཾ་བདེ་ལེགས་སུ་གྱུར་ཅིག།

བརྒྱད་གཉིས་བཅུ་དྲུག་ལོན་པའི་རྒྱན་གྱིས་བརྒྱན།།

སྲིད་པའི་མ་རིག་མུན་པ་སེལ་མཛད་མཁན།།

ཤེས་བྱ་ཐོགས་པ་མེད་པའི་གླེགས་བམ་འཛིན།།

འཇམ་དབྱངས་ལྷ་ལ་སྒོ་གསུམ་གུས་ཕྱག་འཚལ།།

ཨྱོན་གུ་རུའི་ལུང་བསྟན་དུས་ལུ་བབས།།

ལྷོ་མོན་རྒྱལ་ཁབ་འདི་ནང་ཞབས་ཀྱིས་བཅགས།།

འདྲེ་སྲིན་གདུག་པ་ཅན་རྣམས་དམ་ལུ་བཏགས།།

གསང་སྔགས་ཆོས་ཀྱི་བསྟན་པ་དར་ཞིང་རྒྱས།།


དེ་བཞིན་ཆོས་རྒྱལ་ངག་དབང་རྣམ་རྒྱལ་ཡང་།།

ཆིབས་ཁ་ལྷོ་ལུ་བསྒྱུར་བའི་རྟེན་འབྲེལ་གྱིས།།

ཕྱི་ནང་གསང་གསུམ་དགྲ་ལས་རྣམ་པར་རྒྱལ།།

བཀའ་བརྒྱུད་ཆོས་ཀྱི་སྒྲ་ཆེན་མཁའ་ལ་ལྡིར།།


སྐྱེས་མཆོག་དམ་པའི་ཐུགས་རྗེ་བྱིན་རླབས་ཀྱིས།།

མུན་པའི་གླིང་ནང་ཆོས་ཀྱི་འོད་ཟེར་འཕྲོས།།

ཆོས་ལྡན་འབྲུག་གི་རྒྱལ་ཁབ་སྙན་གྲགས་སྤེལ།།

དམ་པ་གཉིས་ཀྱི་ཞལ་དུ་མཆོད་པ་ཕུལ།།


སྔོན་བརྗོད།


སྐྱེད་ཚལ་མཛེས་པའི་ལྡུམ་རྭ་ཁྲ་མོའི་ནང་།།

རོ་མངར་སྦྲང་རྩི་ལྡན་པའི་མེ་ཏོག་ཤར།།

སྐོམ་སྡུག་མྱོང་བའི་རྐང་དྲུག་བུང་བའི་ཚོགས།།

སྙན་པའི་གླུ་གིས་མཆོད་དེ་སྦྲང་རྩི་འཐུང་།།


དེ་བཞིན་ཡོན་ཏན་འབྱུང་གནས་སློབ་གྲྭ་ནང་།།

ཕྱི་ནང་ཡོན་ཏན་ཕྱུག་པའི་སློབ་དཔོན་བྱོན།།

བློ་གསར་གཞོན་ནུ་བུང་བའི་སློབ་ཕྲུག་ཚོགས།།

སྒོ་གསུམ་གུས་པའི་ངང་ལུ་ཤེས་ཡོན་སྦྱང་།།


མེ་ཏོག་སྣ་ཚོགས་ཤར་བའི་ཚལ་འདི་ནང་།།

བུང་བའི་ཚོགས་རྣམས་ངང་གིས་འཁོར་བ་བཞིན།།

ཤེས་བྱའི་ཡོན་ཏན་ཁོང་ལུ་ཚུད་པ་ན།།

དཔལ་དང་འབྱོར་པ་སྤྲིན་གྱི་ཚོགས་བཞིན་འཁོར།།


ད་རིས་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ།།

རིག་པའི་མཛོད་ཀྱི་སྒོ་བརྒྱ་ཕྱེ་མཛད་པའི།།

ཉི་མའི་འོད་བཞིན་སེལ་བའི་སློབ་དཔོན་ཚོགས།།

བཀྲིན་ལྷད་མེད་སྙིང་གི་དཀྱིལ་ལས་ཞུ།། ཟེར་ སྔོན་ཚིག་གཙང་མའི་མེ་ཏོག་གནམ་མཁའི་དབྱིངས་ལུ་སྟོར་ཏེ་

ད་རིས་འབྲུག་སྦྱོར་དཔལ་གྱི་ཉིན་མར་ རང་གི་ཕ་དང་མ་ མ་རིག་མུན་པ་སེལ་མཁན་ འཁོར་བའི་འདམ་ལས་

འདྲེན་མི་ རོ་མངར་རིག་པའི་བཅུད་ཀྱིས་ཚིམས་པའི་ཕྱི་ནང་གཉིས་ཀྱི་ཡོན་ཏན་ལུ་ཐོགས་ཆགས་མེད་པའི་སློབ་

དཔོན་ཕོ་མོ་ཚོགས་ལུ་ བཀྲིན་དགའ་ཚོར་ཞུ་ལུགས་ གཤམ་གསལ་ཆུ་དྭངས་བ་ཉ་གསལཝ་སྦེ་བཀོད་དེ་ཡོད།


དེ་ཡང་ ཇི་སྐད་དུ།

ཕ་བླ་མ་མེད་པའི་གོང་རོལ་ན།།

བུ་སངས་རྒྱས་ཞེས་བྱའི་མིང་ཡང་མེད།།

བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།།

བླ་མ་དག་ལ་བསྟེན་ནས་བྱུང་།། ཟེར་མཁས་པའི་བླ་སློབ་ཚུ་གིས་ གསུངས་ཡོདཔ་བཟུམ་སྦེ་ བླམ་དང་

སློབ་དཔོན་གང་རུང་གཉིས་ལུ་མ་བསྟེན་པའི་མཁས་པ་འབྱུང་མི་སྲིད་ནི་ཨིནམ་ལས་ ཐ་ན་

བསྐལ་པ་སྟོང་གི་སངས་རྒྱས་ཚུ་ཡང་ དང་པ་བླམ་གཅིག་བསྟེན་ཞིནམ་ལས་རྐྱངམ་ཅིག་

སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོདཔ་ཨིན་དོ་བཟུམ་སྦེ་ སྙིགས་མ་ལྔ་བདོའི་དུས་ དེང་སང་གི་གནས་སྟངས་

འདི་ནང་ རིག་པའི་རྣམ་དཔྱོད་དང་ལྡན་པའི་གང་ཟག་ དཔེར་ན་ དྲུང་འཚོ་ ཁྲིམས་རྩོདཔ་ ཚན་རིག་པ་

བཟོ་རིག་པ་ ལ་སོགས་པ་ཚུ་ འཕྲང་འཕྲང་ དེ་བཟུམ་མའི་གནས་ཚད་ལུ་ལྷོད་པའི་དཔེ་མི་སྲིད། ཁོང་ཚུ་ཡང་

ཆུང་ཚེ་རྐང་ཐང་དྲང་ སྦོམ་ཚེ་སློབ་གྲྭ་ནང་བཙུགས་ སློབ་དཔོན་གྱིས་ཀ་ཁ་སོགས་ལས་འགོ་བཟུང་སྟེ་

སྟོན་གནང་དགོཔ་ལས་ སློབ་དཔོན་འདི་ ང་བཅས་ཀྱི་རྩ་བའི་བླམ་བཟུམ་ཅིག་ཨིན།


འཇིག་རྟེན་པའི་དཔྱེ་གཏམ་ལས:

ཆུང་ཀུའི་བསྒང་ལས་ཡོན་ཏན་མ་སྦྱངས་ན།།

རྒས་པའི་དུས་སུ་མཁས་པ་ག་ལས་འོང་།།

གང་ཡང་མ་ལྷབ་ཡོན་ཏན་ཤེས་ཟེར་ན།།

ས་གཞི་མེད་པའི་ལོ་ཐོག་ག་ལས་སྐྱེས།། ཟེར་སླབ་སྲོལ་ཡོད་དོ་བཟུམ་དང་ ཡང་ན་


ལུང་ལས:

རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།། ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་།། ཞེས་གསུངས་ཡོད་དོ་

བཟུམ་སྦེ་ ང་བཅས་ར་ དལ་འབྱོར་བཅོ་བརྒྱད་ཕུན་སུམ་ཚོགས་པའི་འབྲས་བུ་ མིའི་ལུས་རྟེན་ཚར་གཅིག་

ཐོབ་པའི་སྐབས་ལུ་ སེམས་བག་ཡེངས་དབང་ལུ་ཤོར་ཏེ་ ལྐུགས་པའི་ཚུལ་ལུ་མ་སྡོད་པ་ སློབ་གྲྭ་ནང་

འཛུལ་ཞིནམ་ལས་ ཤེས་བྱ་རིག་པའི་གནས་ལུ་སྦྱང་བརྩོན་འབད་བ་ཅིན་ མཁས་པའི་གནས་ཚད་ལུ་

ལྷོད་ཚུགས་པ་ཐག་མི་རིང་། དེ་སྦེ་མཁས་པའི་མིང་གཏམ་ཐོབ་ཐབས་ལུ་ དང་པ་བླམ་ ཡང་ན་ དེང་སང་གི་

དུས་དང་འཁྲིལ་ སློབ་དཔོན་གཅིག་བསྟེན་དགོ། སློབ་དཔོན་གྱིས་ སློབ་ཕྲུག་ཚུ་ལུ་ རང་གི་བརྩེ་བའི་ཕམ་ལས་

ལྷག་པའི་གཅེས་སྐྱོང་འཐབ་ ངན་པའི་ལམ་ལས་བཏོན་ཏེ་ བཟང་པོའི་ལམ་ལུ་བཙུགས་ ཉིན་བསྟར་བཞིན་དུ་

གསེར་ལས་ཕང་པའི་ཤེས་ཡོན་སློབ་ཕྲུག་ཚུ་ལུ་གནང་དོ་ཡོདཔ་ལས་སློབ་དཔོན་འདི་ དྲིན་ཆེ་ཤོས་ཅིག་ཨིན།

ང་བཅས་ཀྱིས་སློབ་དཔོན་འདི་ གོང་ལུ་བཀུར་ཏེ་ ཕྱག་དང་མཆོད་པ་ཕུལ་དུ་རུང་བ་ཅིག་ཨིན། དེ་ཡང་

དཔེར་ན་ གནམ་ནུབ་མོ་ཟླཝ་མ་ཤར་བར་གནག་དུང་དུང་ནང་ རང་གི་འགྱོ་བའི་ལམ་འཚོལ་མ་ཐོབ་པ་

མགུ་འཐོམས་འཐོམ་སྦེ་སྡོད་པའི་སྐབས་ལུ་ དཀར་གསལ་ཟླ་བ་ལ་ལས་ཚེས་ཏེ་ གླིང་གཞི་མུན་པ་སེལ་དོ་

བཟུམ་སྦེ་ ང་བཅས་ར་ ཨའི་གི་མངལ་ལས་སྐྱེས་ ཆུང་རྐང་ཐང་དྲང་ སྦོམ་ཚེ་སློབ་གྲྭ་ནང་བཙུགས་

སྐལ་བ་ཅན་གྱི་སློབ་དཔོན་དང་ཞལ་མཇལ་གསུང་མཐུད་དེ་ སློབ་དཔོན་གྱིས་དཀའ་འཚེགས་མེད་པར་ཉིན་རེ་

བཞིན་སློབ་སྟོན་གནང་ སློབ་ཕྲུག་གིས་ཉམས་འཚེར་མེད་པར་སློབ་སྦྱོང་འབད་དེ་ སློབ་རིམ་བློ་གསར་ལས་

རིམ་པ་བཞིན་དུ་ ཤེས་ཚད་ཡར་ཡར་འགྱོ་ རིག་པ་ཡར་ཡར་འཕེལ་ཏེ་ སློབ་གྲྭ་ལས་མཐར་ཕྱིན་པའི་ཤུལ་

ལས་ རང་གི་ཤེས་ཚད་དང་བསྟུན་པའི་ལཱ་གཡོག་ཅིག་འཚོལ་ རང་མགོ་རང་གིས་འདྲོངས་ཚུགསཔ་

བཟོ་གནང་མི་འདི་ བཀྲིན་ཅན་གྱི་སློབ་དཔོན་ཁོ་ན་ཨིནམ་ལས་བརྟེན་ཏེ་ཨིན།


ཡར་ཡར་གནམ་ཧོནམ་གུར་གྱིས་སྤུབས་པའི་འོག།

མར་མར་ས་སེར་གདན་གྱིས་བཏེགས་པའི་གུ།།

བར་བར་སློབ་ཉིནམ་བརྩི་སྲུང་ཞུ་བའི་དུས།།

བསམ་བསམ་བཀྲིན་བསམ་ལུགས་དེ་སྦེ་ཡོད།།


མ་ཤེས་མུན་པའི་ཐེ་ཚོམ་སེལ་མཛད་མཁན།།

ཁྱད་འཕགས་སློབ་དཔོན་ཁྱོད་ལུ་ཧིང་དཀྱིལ་ལས།།

ལག་པའི་སོར་བཅུ་ཐལ་སྦྱར་སྙིང་ཁར་གཏུགས།།

བཀྲིན་གནམ་མཁའ་ཡངས་རུང་ཤོང་པ་དཀའ།།


དྲིན་ཅན་མ་བཞིན་བྱམས་དང་བརྩེ་བའི་ཐོག།

ཤེས་ཡོན་ཟས་ཀྱི་ཕུད་བྱིན་གཅེས་སྐྱོང་མཛད།།

བློ་དང་རིག་པའི་སྤོབས་པ་ཡང་ཡང་བཙུགས།།

བཀྲིན་རྒྱ་མཚོ་ཆེ་ཡང་གཏིང་དཔོག་དཀའ།།


དྲིན་ཅན་ཕ་བཞིན་ཡོན་ཏན་སྦྱང་པའི་དུས།།

བསླབ་བྱ་ལམ་སྟོན་གོས་ཀྱི་རྩེ་གཡོགས་བཞིན།།

མི་འགྱུར་ཡ་རབས་བཟང་པོའི་ལམ་ལུ་བཙུགས།།

བཀྲིན་སྲིད་པ་གསུམ་ནང་ཤོང་པ་དཀའ།།


བརྩེ་བའི་དག་སྣང་ཆེ་བའི་སྤུན་འཁོར་བཞིན།།

ང་ཁྱོད་ཟེར་བའི་མིང་མེད་ལྷག་པར་ཡང་།།

འདུ་ཤེས་མ་ཡོལ་ཡར་ངོའི་ཟླ་བཞིན་རྒྱས།།

བཀྲིན་འདི་ཕྱི་གཉིས་ལུ་བརྗེད་མི་འགྱུར།།


ཧ་ཧ་ཧི་ཧི་ཟེར་བའི་ཆ་རོགས་བཞིན།།

ཁྲོ་བའི་ངང་ལུ་བཞུགས་པའི་འཚེར་སྣང་མེད།།

ཕན་ཚུན་ཆུ་དང་འོ་མའི་འབྲེལ་བ་འཕར།།

བཀྲིན་ཁོག་པའི་གཏིང་ལས་ཡལ་མི་འགྱུར།།


མི་དགེ་ཆགས་སྡང་ཕྱོགས་རིས་སྤུ་ཙམ་མེད།།

ཞི་བའི་ངང་ལས་འཇམ་པའི་ཚིག་གིས་ལྷུ།།

བྱང་སེམས་མི་ཡུལ་བྱོན་པའི་སྣང་བ་ཤར།།

བཀྲིན་ལྷུང་ལྷུང་ཆུ་བཞིན་རྒྱུན་མི་ཆད།།


སློབ་ཕྲུག་དམངས་ལུ་སློབ་སྟོན་མཛད་ཚུལ་ཡང་།།

ཆགས་སྡང་ཞེ་སྡང་མེད་པ་སངས་རྒྱས་ཀྱིས།།

ཆོས་ཀྱི་འཁོར་ལོ་བསྐོར་བའི་ཉམས་སྣང་བྱུང་།།

བཀྲིན་རྡོ་གུ་རི་མོ་བྲིས་བ་བཞིན།།


འཇམ་དབྱངས་མི་གཟུགས་བྱོན་པའི་སློབ་དཔོན་གྱིས།།

གང་ཡང་མི་ཤེས་མགུ་འཐོམས་སྡོད་པའི་དུས།།

རིག་པའི་བདུད་རྩི་གངྒའི་རྒྱུན་ལྟར་འབབ།།

བཀྲིན་རི་རྒྱལ་ལྷུན་པོའི་ཕུང་ལས་ལྷག།


ཁྲི་གདུགས་འདྲ་བའི་སློབ་དཔོན་ཡང་ཡང་མཇལ།།

པདྨ་འདྲ་བའི་སློབ་ཕྲུག་ཡོན་ཏན་རྒྱས།།

ཤེས་ཡོན་མེ་ཏོག་སྦྲང་རྩིས་ཁོང་ལུ་ཚུད།།

བཀྲིན་མི་འགྱུར་རྡོ་རྗེ་སྐུ་དངོས་འདྲ།།


དཀར་གསལ་འདྲ་བའི་སློབ་དཔོན་ཡང་ཡང་མཇལ།།

ཀུ་མུད་འདྲ་བའི་སློབ་ཕྲུག་རིག་པ་རྒྱས།།

རིག་པ་ཡར་ངོའི་ཟླ་བ་རིམ་བཞིན་རྒྱས།།

བཀྲིན་སེམས་ལས་མི་སྐམ་རྒྱ་མཚོ་འདྲ།།


སྤང་གཤོང་འདྲ་བའི་སློབ་དཔོན་ཧོ་ལྡེམ་ལྡེམ།།

ཤ་ཕྲུག་འདྲ་བའི་སློབ་ཕྲུག་ལོངས་སྤྱོད་དོ།།

བློ་རིག་མི་སྐམ་རྩྭ་འབྲོག་འཕར་བ་བཞིན།།

བཀྲིན་མི་བཞུ་བསྐལ་པའི་ཁ་བ་འདྲ།།


རྒྱ་མཚོ་འདྲ་བའི་སློབ་དཔོན་གཏིང་མཐའ་རིང་།།

ཤེས་ཡོན་ཆུ་ལྟར་དྲན་པའི་སློབ་ཕྲུག་ཚོགས།།

རྒྱ་མཚོའི་ཆུ་བཞིན་ནམ་ཡང་ངོམས་ནི་མེད།།

བཀྲིན་མི་རྫོགས་དཔག་བསམ་ལྗོན་ཤིང་འདྲ།།


སློབ་དཔོན་རིན་ཆེན་གསེར་དང་དབྱེ་བ་མེད།།

སློབ་ཕྲུག་ནོར་བུའི་ན་བཟའ་འོད་ཀྱིས་བརྒྱན།།

བློ་རིག་གསེར་གྱི་འོད་ཟེར་ཀུན་གྱིས་སྡང་།།

བཀྲིན་མི་རྫོགས་རྣམ་ཐོས་སྲས་ཀྱི་མཛོད།།


སློབ་དཔོན་ཡོན་ཏན་མི་རྫོགས་དཔག་བསམ་ཤིང་།།

སློབ་ཕྲུག་ལྷ་ཕྲུག་འདྲ་བའི་སྤྱོད་ས་ཨིན།།

རིག་པ་ལྗོན་ཤིང་འབྲས་བུ་རྒྱུན་མི་ཆད།།

བཀྲིན་གངས་རི་ཏི་སེའི་ཚད་དང་མཉམ།།


སློབ་དཔོན་ཡོན་ཏན་ཆར་ཆུ་འབབ་པ་བཞིན།།

ས་གཞི་སློབ་ཕྲུག་རིག་པའི་ལོ་ཐོག་རྒྱས།།

ཆར་ཆུ་མེད་ན་ལོག་ཐོག་ག་ལས་སྐྱེས།།

བཀྲིན་རི་རབ་རྒྱལཔོ་གིས་དོ་མི་མཉམ།།


སློབ་དཔོན་མཆོག་གིས་མིག་གི་དབང་པོ་བསལ།།

ཨརྱ་དེ་ཝའི་སྤྱན་གྱི་སྦྱིན་པ་བཞིན།།

བྲིས་ལྷག་ཡོན་ཏན་ཀུན་ལུ་ཐོགས་ཆགས་མེད།།

བཀྲིན་གྱངས་ཀྱིས་མི་ཆོད་སྐར་ཚོགས་འདྲ།།


ཟམ་པ་འདྲ་བའི་སློབ་དཔོན་ཆུ་ལུ་བཞེངས།།

མཐར་འཁྱོལ་ཅན་གྱི་སློབ་ཕྲུག་ཆུ་ལས་བརྒལ།།

བློ་རིག་མཁས་ཚུལ་ཆུ་རྒྱུན་འབབ་པ་བཞིན།།

བཀྲིན་ཕང་མར་མི་འཁོར་རི་རྒྱལ་འདྲ།།


ལྡིར་ལྡིར་འབྲུག་སྒྲ་བཞིན་གྱི་སློབ་སྟོན་མཛད།།

ཁྲབ་ཁྲབ་རྨ་བྱ་འདྲ་བའི་སློབ་ཕྲུག་ཚུ།།

དགའ་སྤྲོའི་ངང་ལུ་སྦྱང་པའི་རྣམ་འགྱུར་སྟོན།།

བཀྲིན་ཉི་མའི་འོད་ཀྱིས་ཁྱབ་པ་དཀའ།།


མཛེས་མཛེས་ཙནྡན་འདྲ་བའི་སློབ་ཁང་ནང་།།

ཧན་ཧན་ཁུ་བྱུག་འདྲ་བའི་སློབ་སྟོན་གནང་།།

གསུང་དབྱངས་ཤེས་ཡོན་སློབ་ཕྲུག་རྣ་བར་སིམ།།

བཀྲིན་ཟླ་བའི་འོད་ཀྱིས་ཁྱབ་མི་སྲིད།།


སློབ་དཔོན་ཁང་བཟང་ཁྲ་མོའི་བཟོ་དཔོན་འདྲ།།

བཟང་པོ་ཡ་རབས་སྤྱོད་པའི་ལམ་ལུ་བཀོད།།

སློབ་ཕྲུག་ཁང་བཟང་མཛེས་པའི་ཁྱད་ཆོས་ལྡན།།

བཀྲིན་དགའ་ཚོར་ནམ་མཁའི་དབྱིངས་ལས་ལྷག།


ཐུགས་འཚེར་གང་ཡང་མེད་པའི་སློབ་དཔོན་གྱིས།།

ལུས་ལུ་སྤྱོད་ལམ་བཟང་པོའི་གོས་རྣམས་གྱོན།།

ཤེས་ཡོན་རིག་པའི་རྒྱན་ཆ་སྣ་ཚོགས་བཏགས།།

བཀྲིན་དགའ་ཚོར་སེམས་ཀྱི་རྟེན་ལུ་འགྱུར།།


ཨེ་མ་སློབ་དཔོན་མཆོག་གིས་སློབ་ཕྲུག་ལུ།།

གཏིང་དཔོག་དཀའ་བའི་བློ་དང་རིག་པའི་མཛོད།།

བློས་ཕོག་ཡིད་ཕོག་ཕ་སེམས་བུ་དང་འདྲ།།

བཀྲིན་འཇིག་རྟེན་འདི་ནང་ཤོང་མི་རུང་།།


ཟས་ལུ་བཅུད་མེད་ཉལ་བའི་གཉིད་མེད་པ།།

ནུབ་ཕྱེད་བརྒལ་བརྒལ་སློབ་ཚན་འཆར་གཞི་རྩོམ།།

ཉིན་ནུབ་སྦྱེལ་བའི་དཀའ་འཚེགས་དང་དུ་ལེན།།

བཀྲིན་དགའ་ཚོར་བློ་ཡི་བསམ་ལས་འདས།།


ཞལ་ལས་བསླབ་སྟོན་མར་མེ་འདྲ་བའི་འོད།།

སློབ་ཕྲུག་རྣམས་ཀྱི་ཐེ་ཚེམ་འོད་བཞིན་སེལ།།

གཞན་དོན་མར་མེ་རང་གིས་རང་ཟད་འདྲ།།

བཀྲིན་བསྐལ་པའི་མེ་གིས་འཚིག་མི་རུང་།།


སྐུ་གཟུགས་ལྷ་ཤིང་ལེགས་པའི་སྡོང་པོ་འདི།།

སློབ་ཕྲུག་ལྷ་བྱ་དམངས་ཀྱི་བསྟེན་ས་ཨིན།།

ཕྱི་ནང་ཤེས་ཡོན་འབྲས་བུ་སྤྱོད་ས་ཨིན།།

བཀྲིན་མི་གཡོ་ཚ་གཏད་མདའ་ལས་ཕྲང་།།


བློ་རིག་ལྗོན་ཤིང་རྒྱས་པའི་སློབ་དཔོན་གྱིས།།

འགྲུལ་པ་ཐང་ཆད་རྣམས་ཀྱི་གྱིབ་བསིལ་བཞིན།།

དཀའ་སྡུག་སློབ་ཕྲུག་ཡོངས་ཀྱི་ཕན་གྲོགས་མཛད།།

བཀྲིན་ཁོག་པའི་གཏིང་ལུ་ཤོང་མི་རུང་།།


ཕ་མའི་རྒྱུ་ནོར་ཟད་པའི་རང་བཞིན་ཨིན།།

ཤེས་ཡོན་ཚིག་གཅིག་ཨིན་རུང་རྫོགས་ནི་མེད།།

མི་རྫོགས་ནོར་བུའི་ཡོན་ཏན་རང་རྒྱུད་བཙུགས།།

བཀྲིན་ཡར་ཡར་བརྩེགས་བརྩེགས་དགུང་དང་མཉམ།།


མགུ་འཐོམ་ནད་ཀྱིས་བཏབ་པའི་སློབ་ཕྲུག་འདི།།

དྲུང་འཚོ་མཁས་པ་ཚུ་གིས་ག་ལས་འོང་།།

ཤེས་བྱ་རིག་པའི་སྨན་གྱིས་ཁོ་ན་སེལ།།

བཀྲིན་ཕར་ཕར་བསྣར་བསྣར་ས་སྟེང་མཉམ།།


སྤྱོད་ངན་དབང་ལུ་ཐལ་བའི་སློབ་ཕྲུག་འདི།།

ཕ་མ་སྤུན་འཁོར་ཚུ་གིས་ག་ལས་བཅོས།།

སློབ་དཔོན་མཁས་པའི་བསླབ་བྱས་ཁོ་ན་བཅོས།།

བཀྲིན་ནམ་ཡང་མི་རྫོགས་ནམ་མཁའི་མཐའ།།


མ་རིག་ནད་ཀྱིས་ཞར་བའི་མིག་ཏོག་འདི།།

མིག་ཤེལ་བཙུགས་པའི་ཐབས་ཀྱིས་ག་ལས་མཐོང་།།

ཤེས་རབ་སྨན་པ་སློབ་དཔོན་ཁོ་ན་ཨིན།།

བཀྲིན་མི་ཆད་ཆུ་མོ་གངྒའི་རྒྱུན།།


རིག་པའི་གནས་ཀྱིས་སྐོམ་པའི་སློབ་ཕྲུག་ཚུ།།

གངས་ཀྱི་བསིལ་ཆུ་འཐུང་སྟེ་ག་ལས་སངས།།

ཤེས་རབ་བདུད་རྩི་གནང་མཁན་སློབ་དཔོན་ཨིན།།

བཀྲིན་སེམས་ཀྱི་གདིང་ལས་ཞུཝ་ཨིན་ནོ།།


ཕ་མའི་སྒོ་ཁར་སྡོད་རིང་ལྐུགས་པ་འདྲ།།

ལན་གཅིག་ཡིག་ཕྲུགཔ་ཁོངས་སུ་གཏོགས་པ་ན།།

མི་ཟད་ཡིད་བཞིན་ནོར་བུའི་ཡོན་ཏན་ཐོབ།།

བཀྲིན་ནམ་ཡང་མི་རྫོགས་ཡིད་བཞིན་ནོར།།


དགོས་འདོད་དཔུང་འཇོམས་མི་རྫོགས་བྱང་ཉེན་ཡོད།།

གསེར་སྲང་བརྒྱ་ལས་ལྷག་པའི་ཡོན་ཏན་འདི།།

མི་རྫོགས་མི་བྱང་མི་བརྐུ་རང་རྒྱུད་བཙུགས།།

བཀྲིན་མི་རྫོགས་མཐའ་ཡས་རྒྱ་མཚོ་འདྲ།།


སློབ་ཕྲུག་ས་ཞིང་འདྲ་བའི་གཞིས་ས་ན།།

ཤེས་ཡོན་ས་བོན་འདྲཝ་ཅིག་ཁོང་ལུ་བཙུགས།།

འབྲས་བུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྤྲོ།།

བཀྲིན་ཚད་མེད་ས་ཆེན་ཐལཝ་དང་འདྲ།།


བྱམས་རྩེ་ཕམ་ལས་ལྷག་པའི་སློབ་དཔོན་མཆོག།

ཐོབ་པར་དཀོན་པའི་ཨུ་དུམ་བཱ་ར་འདྲ།།

དེ་འདྲའི་སློབ་དཔོན་མཆོག་ལུ་ཕྱག་འཚལ་རུང་།།

བཀྲིན་སེམས་ལས་མི་ཡལ་བྲག་རི་འདྲ།།


མཇུག་བྱང་།


བཀྲིན་བསམ་གྱིས་མི་ཁྱབ་ངེའི་སློབ་དཔོན།།

སློབ་བུ་རང་གི་མི་སེར་སྐྱོང་ཐབས་ལུ།།

བཤུལ་བཞག་ཡོན་ཏན་ལག་ཆས་འདྲཝ་ཅིག་སྨོ།།

བློས་ཕོག་གནང་བ་བཀྲིན་ཤིན་ཏུ་ཆེ།།


ཡོན་ཏན་ཆུ་ཟད་མི་བཏང་ད་ལས་ཕར།།

ངང་པ་ཆུ་ལས་འོ་མ་ལེན་པ་བཞིན།།

སློབ་དཔོན་ཁྱོད་ཀྱིས་སྟོན་པའི་ལམ་ཕྱོགས་སུ།།

སྤྲང་བུ་རང་གིས་སྤྱོད་པའི་སྐྱིད་ཉམས་ཤར།།


རིན་ཆེན་གསེར་ལས་ཕངས་པའི་ངེའི་སློབ་དཔོན།།

སྐུ་ལུ་བར་ཆད་གསུང་ལུ་འགག་པ་དང་།།

ཐུགས་ལུ་འཁྲུལ་བ་སོགས་ཀྱི་སྐྱོན་མེད་པ།།

རྡོ་རྗེ་སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག།


བྱོན་བྱོན་བཀྲིན་ཅན་གྱི་སློབ་དཔོན་བྱོན།།

སྟོན་སྟོན་ཕ་གཞི་འདྲ་བའི་ཡོན་ཏན་སྟོན།།

དྲིན་དྲིན་བཀྲིན་ཅན་གྱི་སློབ་དཔོན་དྲིན།།

མཇལ་མཇལ་ཡང་ཡང་མཇལ་བའི་སྨོན་འདེབས་ཞུ།། ཟེར་མཇུག་སྨོན་གྱི་སྒོ་ལས་ སློབ་དཔོན་གྱི་ཉིནམ་འདི་ལུ་

སྤྱིར་སློབ་ཕྲུག་དམངས་དང་བྱེ་བྲག་ཏུ་ སྤྲང་བུ་ང་རའི་ཁ་ཐུག་ལས་ གོང་གི་བཀྲིན་དྲན་སྐུལ་འདི་ ཁ་ཙམ་ཚིག་

ཙམ་མེན་པ་ སེམས་ཀྱི་གདིང་ལས་ཞུཝ་ཨིནམ་དང་ ཐ་ན་ ཚིག་གཅིག་སྟོན་པའི་སློབ་དཔོན་ལུ་ དུས་

ཨ་རྟགས་ར་ ངེ་གི་སློབ་དཔོན་ཨིན་ཟེར་བརྩི་མཐོང་བསྐྱེད་དེ་ སློབ་དཔོན་གྱི་ཞལ་ལས་སྟོན་གནང་མི་ཡོན་ཏན་

གསེར་གྱི་ཐིག་པ་འདི་ དོན་མེད་འཕྲོ་བརླག་མ་གཏང་པ་ རང་གི་འདོད་པ་དང་དུ་ལེན་ཏེ་ལོངས་སྤྱོད་ནི་དང་

འབྲེལ་ སློབ་དཔོན་གྱི་ཉིམ་འདི་ དུས་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ ནམ་ཡང་ནུབ་པ་མེད་པར་ཤར་བར་

ཤོག་ཅིག་ཟེར་བའི་ རེ་བ་དང་སྨོན་ལམ་ཟབ་མོ་སྙིང་གི་དཀྱིལ་ལས་ཞུཝ་ཨིན།།


རྩོམ་པ་པོ: འགྱུར་མེད་རབ་རྒྱས།
བརྡ་དོན་འཕྲུལ་རིག་ལས་ཁུངས།
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག།
ཐིམ་ཕུག


^^མགུ་ལུ་འགྱོ།^^

3 responses

  1. […] read more ༡༽ ནམ་མཁའ་སྤྲིན་མེད་དྭངས་པ། ནམ་མཁའ་སྤྲིན་མེད་དྭངས་པ་སེམས་རེ་དགའ།། […]

  2. good poem…
    But need to write more

  3. oh! what a poem kept it on.
    i like it.

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s