སྒྲིག་ལམ་རྣམ་གཞག


༆ སྒྲིག་ལམ་རྣམ་གཞག་འདི་ ད་རེས་ནངས་པ་ རིག་རྩལ་དང་ལྕོགས་གྲུབ་དང་ལྡན་པའི་མི་ཚུ་གིས་

བཟོ་བཟོཝ་དང་བརྩམས་བརྩམཔ་མེན་པར་ ང་བཅས་ར་འགྲོ་བ་གནས་སྟངས་འདི་ནང་ སྒྲིག་ཁྲིམས་འདི་མེད་

ཐབས་མེདཔ་ཨིན་པར་གཟིགས་ཏེ་ ཡ་རབས་དམ་པའི་གང་ཟག་དང་སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་

མཛད་མཛད་པའི་ལམ་ལུགས་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིན། དེ་འབདཝ་ལས་བརྟེན་

དཔྱེ་གཏམ་ལུ་ཡང་:

ཕ་ཤུལ་བུ་དང་།། གཡག་ཤུལ་ཀོཝ་ཟེར་དོ་བཟུམ་སྦེ་ གོངམ་ཚུ་གིས་

ཐུགས་རྗེ་བརྒྱ་ཆེ་ས་ལས་གནང་སྟེ་ བརྩམས་གནང་པའི་སྒྲིག་ལམ་ཆོས་གསུམ་འདི་

ཉམས་མ་བཅུག་པ་སྔར་ལས་ལྷག་སྟེ་ གོང་འཕེལ་གཏང་ནི་འདི་ ང་བཅས་ར་འབྲུག་མི་

ཆེ་འབྲིང་ཆུང་གསུམ་ག་ར་གི་འགན་ཁུར་ཅིག་ཨིན།

ཕྱི་སྣོད་ཀྱི་འཇིག་རྟེན་འདི་ས་ཆགས་ཞིནམ་ལས་ ནང་བཅུད་ཀྱི་སེམས་ཅན་ཚུ་ ལོ་གཅིག་ལས་ལོ་གཅིག་

རིམ་པ་བཞིན་དུ་ ནང་སེམས་ཀྱི་ཀུན་སློང་དང་ ཕྱི་ལུས་ཀྱི་ཀུན་སྤྱོད་གཉིས་གཅིག་སྒྲིལ་སྦེ་

དུས་བཞིའི་གནམ་གཤིས་བཟུམ་སྦེ་ འགྱུར་ཡི་འགྱུར་ཡི་ར་ ད་རེས་ཀྱི་དུས་བསྐལ་ནང་ལྷོད་དེ་ཡོད།

ང་བཅས་ར་འབྲུག་རྒྱལ་ཁབ་འདི་ བྱང་ཕྱོགས་རྒྱ་ནག་དང་ལྷོ་ཕྱོགས་རྒྱ་གར་ཟེར་ རྒྱལ་ཁབ་སྟོབས་ཅན་

གཉིས་ཀྱི་སྦུག་ལུ་ དུས་ནམ་ཅིག་གི་ཚེ་ ལག་པའི་ཐེ་བོང་སེན་མོ་གཉིས་ཀྱི་བར་ན་ ཤིག་བསད་དོ་བཟུམ་སྦེ་

སྔར་ལས་ད་ལྟོ་ཚུན་ཚོད་ དགའ་བའི་བྲོ་འཁྲབ་ སྐྱིད་པའི་གླུ་འཐེན་ཏེ་དགའ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་དེ་

ཡོད་པའི་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་འདི་ འཕྱོག་ནིའི་ཉེན་ཁ་སྦོམ་ར་ཡོདཔ་ཨིན།

གནས་སྟངས་དེ་བཟུམ་ཅིག་གུ་ལྷོད་པའི་ཁར་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་རྒྱལ་བརྒྱུད་རིངས་ལུགས་འདི་

དམངས་གཙོའི་རིངས་ལུགས་ལུ་འགྱུར་འགྱོ་བའི་ཚེ་ བྱང་ཆུབ་སེམས་དཔའ་ མིའི་གཟུགས་སུ་བྱོན་མི་

མི་དབང་རྒྱལ་རབས་བཞི་པ་མཆོག་གིས་ མི་སེར་གྱི་མཐའ་དོན་ཁོ་ན་ལུ་དམིགས་ཏེ་

དབང་ཚད་ཧྲིལ་བུ་མི་སེར་ཚུ་ལུ་གནང་སྟེ་ཡོདཔ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ དབང་ཚད་འདི་

ལམ་བཟང་པོའི་ཕྱོགས་སུ་མ་སྤྱོད་པར་ ངན་པའི་ཕྱོགས་སུ་སྤྱོད་དེ་ རང་གི་ལམ་ལུགས་སྲོལ་

བཟང་པོ་འདི་ལུ་མ་གནས་པར་ ཕྱི་རྒྱལ་གྱི་ལམ་ལུགས་ལུ་དཔེ་བལྟ་སྟེ་ འབྲུག་གི་ངོ་རྟགས་འདི་

བྱང་ནིའི་ཉེན་ཁ་ཡོད། ཨྱོན་གུ་རུ་རིན་པོ་ཆེའི་ཞལ་ལས་ཡང:

སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།།

ཟེར་གསུངས་ཡོད་དོ་བཟུམ་སྦེ་ མི་ཚུ་གི་བསམ་པ་སེམས་བསྐྱེད་འདི་ འགྱུར་འགྱོཝ་མ་གཏོགས་

དུས་འགྱུརཝ་རྩ་ལས་མེན། དེ་འབད་ནི་འདི་གིས་ ང་བཅས་ར་ལཱ་དང་བྱ་བ་ག་ཅི་ར་འབད་རུང་

རྟ་སྤུ་ལོག་གི་སྒྲིག་མེན་པར་ བྱ་སྤུ་མནན་གྱི་སྒྲིག་ལུ་གནས་པ་ཅིན་ ཕྱི་རོགས་ཀྱི་བལྟ་རུང་

ཁྱད་ཆོས་མ་འདྲཝ་དང་ ནང་རང་གིས་བལྟ་རུང་བྱ་མཆིས་མཆིས་སྦེ་མཐོང་ནི་ཡོདཔ་ཨིན།

དེ་སྦེ་ རང་གི་ལམ་ལུགས་བཟང་པོ་དེ་ལུ་ གཙོ་བོར་བཏོན་པ་ཅིན་ འབྲུག་གི་ངོ་རྟགས་འདི་བདག་འཛིན་

སྒྲིང་སྒྲིང་འཐབ་ཚུགསཔ་དང་ རྒྱལ་ཁབ་ཀྱི་རང་བཙན་ཡང་ རོགས་ལུ་མ་ཤོར་བར་

ཨ་རྟག་ཧ་ལུགས་གནས་ཚུགས་ནིའི་གོ་སྐབས་ཡོདཔ་ལས་ ང་བཅས་མི་སེར་ རེ་རེ་བཞིན་གྱིས་

སེམས་དང་མནོ་བསམ་གཅིག་ཁར་གཏང་སྟེ་ ལུགས་སྲོལ་རྙིངམ་འདི་ ཡལ་མ་

བཅུག་པར་བཞག་དགོ། དེ་ཡང་ མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ལས་:

ལུགས་སྲོལ་རྙིང་པོ་སྲོག་བཞིན་དུ།། གཅེས་ཤིང་གོང་འཕེལ་མ་གཏང་ན།།

རྩ་བ་རུལ་བའི་སྡོང་པོ་བཞིན།། མི་འདོད་བཞིན་དུ་འགྱེལ་བར་འགྱུར།། ཟེར་གསུང་དོ་བཟུམ་ཅིག་ཨིན།

ང་བཅས་རའི་ལུགས་སྲོལ་རྙིངམ་ སྒྲིག་ལམ་རྣམ་གཞག་འདི་མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་

འབད་ནི་གི་དོན་ལུ་ ཐབས་ལམ་ལེ་ཤ་ར་ཡོདཔ་ཨིན། ང་བཅས་རའི་མི་དབང་འབྲུག་རྒྱལ་བཞི་པའི་ཞལ་ལས་

དུས་ཨ་རྟག་ར་ མ་འོངས་པའི་ནང་ རྒྱལ་ཁབ་འདི་ ཡར་ཅིག་བཀལ་རུང་ མར་ཅིག་བཀལ་རུང་ ཁྱེད་ན་

གཞོན་བུཚ་དང་བུམོ་ཚུ་གི་ལག་པ་ཨིན་ཟེར་གསུངས་ནི་ཡོདཔ་ལས་ མ་འོངས་རྒྱལ་ཁབ་ཀྱི་བདོག་གཏད་

ངོ་མ་ ན་གཞོན་ཕོ་མོ་ཚུ་འབདཝ་ལས་ དང་པ་ར་ རྒྱབ་ཁབ་མཐའ་དབུས་མེད་པའི་སློབ་གྲྭ་ ཆེ་འབྲིང་ཆུང་

གསུམ་ག་ར་ནང་ སྒྲིག་ལམ་འདི་ ཆོསཚན་གཙོ་བོ་སྦེ་བཙུགས་ཏེ་ སློབ་དཔོན་ཚུ་གིས་འབད་རུང་ སྒྲིག་

ལམ་རྣམ་གཞག་འདི་ འབྲུག་ལུ་མེད་ཐབས་མེདཔ་ཅིག་ཨིནམ་མཁྱེན་ཏེ་ སློབ་ཕྲུག་ཡོངས་ལུ་ལག་སྦྱོང་

དང་ལུས་སྦྱོང་གཉིས་ཀྱི་སྒོ་ལས་ སྟོན་གནང་པ་ཅིན་ སྒྲིག་ལམ་འདི་རྩ་ལས་མ་ཉམས་པར་

ལྷག་པར་ ཀུན་གྱིས་སྤྲོ་བ་བསྐྱེད་དེ་ གོང་འཕེལ་གཏང་ཚུགས་ནི་ཨིན།

གཉིས་པ་ རྒྱལ་ཁབ་ནང་འཁོད་ནང་ གློག་རིག་ལ་སོགས་པའི་སྦྱོང་བརྡར་ཚུ་བྱིན་དོ་བཟུམ་སྦེ་

སྒྲིག་ལམ་རྣམ་གཞག་གི་སྦྱོང་བརྡར་ཅིག་ ལོ་གཅིག་ན་ ཉུང་མཐའ་ཚར་གཅིག་བྱིན་ཚུགས་པ་ཅིན་

དེའི་གྲངས་སུ་བཅའ་མར་གཏོགས་པ་འོང་མི་ལེ་ཤ་འཐོན་སྲིད་ནི་ཨིནམ་དང་ ཁོང་གིས་ སྦྱོང་བརྡར་

འདི་འབད་ཚར་བའི་ཤུལ་ལས་ རང་སོའི་ལས་སྡེ་ནང་བེད་སྤྱོད་བཏང་སྟེ་ མི་གཞན་གྱིས་ཡང་

ཁོང་ལས་དཔྱེ་བལྟ་སྟེ་ སྒྲིག་ལམ་འདི་ མི་ལས་མི་བརྒྱུད་དེ་ གོང་འཕེལ་གཏང་ཚུགས།

གསུམ་པ་ ལོ་བསྟར་བཞིན་དུ་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མིའི་གོམས་འདྲིས་སློབ་སྦྱོང་

བྱིན་པའི་སྐབས་ སྒྲིག་ལམ་གྱི་སློབ་སྦྱོང་དུམ་གྲ་ཅིག་བྱིན་སྲོལ་ཡོད་རུང་ དེ་ནང་

ལུས་སྦྱོང་མ་གཏོགས་ དེའི་རྣམ་གཞག་ཚུ་བཤད་ནི་མིན་འདུག། སློབ་སྦྱོང་གི་སྐབས་ལུ་

ཕྱག་དབང་བཅར་ཐངས་དང་དར་ཕུལ་ཐངས་ལུ་གཙོ་བོར་བཏོན་རུང་ དེ་ལས་ལྷག་པའི་གཞན་

སྒྲིག་ལམ་གྱི་རྣམ་གཞག་ དཔེར་ན་ ལུས་ངག་ཡིད་གསུམ་གྱི་སྒྲིག་ལམ་ཚུ་

ག་དེ་སྦེ་སྤྱོད་དགོཔ་ཨིན་ན་ ཕྲ་ཞིང་ཕྲ་བ་སྦེ་ གོམས་འདྲིས་སློབ་སྦྱོང་པ་ཚུ་ལུ་ སྟོན་གནང་པ་ཅིན་

ཧེང་བཀལ་ཡར་འཕེལ་འགྱོ་ཚུགསཔ་ཨིན།

བཞི་པ་ ད་ལྟོ་ཚུན་ཚོད་ལུ་ སྒྲིག་ལམ་རྣམ་གཞག་གི་སྤྱོད་ཐངས་ཚུ་ མིག་གིས་མཐོང་ནི་ཡོད་རུང་

དེའི་འབྱུང་ཁུངས་དང་རྣམ་གཞག་ཚུ་ སྒྲིག་ལམ་ལུ་མཁས་པའི་གང་ཟག་གི་ཞལ་ལས་

མ་གཏོགས་ འབྲི་ལྷག་ཤེས་པའི་མི་རྣམས་ཀྱིས་ སྒྲིག་ལམ་གྱི་ཀི་དེབ་ཚུ་

འཇམ་ཏོང་ཏོ་སྦེ་ཐོབ་མ་ཚུགས་པ་ཡོདཔ་ལས་ སྒྲིག་ལམ་གྱི་ཀི་དེབ་འདི་

དཔར་བསྐྲུན་འབད་དེ་ དེའི་ལུས་སྦྱོང་དང་རྣམ་གཞག་གཉིས་ མཉམ་ཅིག་སྦེ་ཤེས་ཐབས་ལུ་

མི་མང་ཡོངས་ལུ་ གོང་ཚད་མར་ཕབ་ཀྱི་ཐོག་ལས་བཙོང་པ་ཅིན་ ག་ར་གིས་ཉོ་སྒྲུབ་འབད་དེ་

སྒྲིག་ལམ་ལུ་བརྩོན་འོང་།

ལྔ་པ་ དཔྱེ་གཏམ་ལུ་ཡང་ མི་གཅིག་འོངན་ཆུང་ལས། རྟ་ཅིག་འོངན་རྟིའུ་ལས།

ཟེར་སླབ་དོ་བཟུམ་སྦེ་ རང་གི་ཨ་ལུ་ཚུ་ ལོ་ན་ཆུང་ཀུའི་བསྒང་ལས་ འབད་བཞག་བཅའ་བཞག་

རྔམ་སི་སི་གི་ལམ་ལུ་འཇུག་མ་བཅུག་པར་ སྒྲིག་བཙུགས་ཏེ་བཞག་དགོ་པའི་ཁར་ ཁོང་ལུ་

ཁ་ལས་བློའོ་སླབ་ཐངས་ ཆེ་བ་གུས་ཞབས་འབད་ཐངས་ ཆུང་བར་བརྩེ་བ་འབད་ཐངས་སོགས་

ཕམ་ཚུ་གིས་སྟོན་བྱིན་པ་ཅིན་ ཕ་བཟང་གི་བུ། གྱི་བཟང་གི་ཤུབས་བཟུམ་སྦེ་

ཨ་ལུ་འདི་སྦོམ་འགྱོཝ་ད་ བྱ་བ་སྤྱོད་ལམ་ཚུ་ ཡིད་ཁར་འོང་ཏོག་ཏོ་དང་སེམས་ཁར་འབབ་ཏོག་ཏོ་

འོང་ནི་ཨིནམ་ལས་ ཨ་ལུའི་ཕམ་ཚུ་གིས་ སྒྲིག་ལམ་རྣམ་གཞག་འདི་ རང་མ་ཤེསཔ་

རོགས་ལུ་འདྲི་སྟེ་ རང་རའི་ཨ་ལུ་ལུ་སྟོན་བྱིན་པ་ཅིན་ སྒྲིག་ལམ་འདི་གོང་འཕེལ་

མ་འགྱོཝ་དཔེ་མི་སྲིད།

གོང་གི་ཐབས་ལམ་ཚུ་ གཙོ་བོར་བཏོན་ཏེ་ ལཱ་འབད་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ནང་

གོངམ་གིས་གོངམ་ཨིནམ་ཤེས་ ཆུང་བ་ཆུངམ་ཨིནམ་ཤེས་ དྲགཔ་གིས་དྲགཔ་ཨིནམ་ཤེས་

ཞནམ་གིས་ཞནམ་ཨིནམ་ཤེས་ཚུགས་ནི་དང་ སྤྱོད་ལམ་དེ་གི་ཕྱོགས་སུ་གོམས་གཤིས་

ཚུད་པ་ཅིན་ མིག་གིས་མ་མཐོང་པའི་བླམ་དཀོན་མཆོག་གསུམ་དང་ ལྷ་ཆོས་སྐྱོང་སྲུང་མ་ཚུ་

ཐུགས་མཉེས་ནི་ཨིན། ལྷ་ཚུ་ཐུགས་མཉེས་པའི་འབྲས་བུ་ རྒྱལ་ཁབ་ནང་

ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནི་ཨིནམ་ལས་ འབྲུག་མི་ཆེ་འབྲིང་ཆུང་གསུམ་

ག་ར་ཨིན་རུང་ དེ་ལུ་སྤྲོ་བ་སྦོམ་བསྐྱེད་དེ་ གོམས་འདྲིས་ཚུད་སོང་པ་ཅིན་ རང་ལུགས་བཟང་པོའི་

ལུགས་སྲོལ་ སྒྲིག་ལམ་རྣམ་གཞག་འདི་ སྔར་ལས་ལྷག་སྟེ་ གོང་འཕེལ་འགྱོ་ཚུགས་ནི་ཨིན་ནོ།།


^^མགུ་ལུ་འགྱོ།^^

7 responses

  1. ད་ ང་གིས་སྒྲིག་ལམ་རྣམ་གཞག་གི་སྐོར་ལས་ལེགས་ཤོམ་སྦེ་རང་ཤེས་ཅི།

    1. ཁྱོད་ཀྱིས་ སྒྲིག་ལམ་རྣམ་གཞག་གི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་མི་འདི་ལུ་ ང་ཡང་ གནམ་མེད་ས་མེད་སེམས་དགའ་ཡི།

  2. […] From JRabgay’s blog post སྒྲིག་ལམ་རྣམ་གཞག […]

  3. ཁ་དར་ཕུལ་ཐངས་།
    ཡིག་ཆ་ཕུལ་ཐངས།
    ལག་འཁྱེར་ཞུ་ཐངས།

  4. ཁ་དར་ཕུལ་ཐངས་།
    ཡིག་ཆ་ཕུལ་ཐངས།
    ལག་འཁྱེར་ཞུ་ཐངས།

  5. གོ་གནས་ཡར་སེང་ཐོབ་ད་མཛད་སྒོའི་སྐོར་ལས་ སྒྲིགས་ལམ་ནང་གསལ་གསུངས་གནང་ལགས།

  6. གོ་གནས་ཡར་སེང་ཐོབ་ད་མཛད་སྒོའི་སྐོར་ལས་ སྒྲིགས་ལམ་ནང་གསལ་གསུངས་གནང་ལགས།

Leave a comment