དབང་འདུས་རྫོང་དཔོན་ ཨམ་འབྲུག་ཉིམ་གི་གཟིམ་དཔོན་ སྒརཔ་པདྨེ་ཚེ་དབང་བཀྲིས་ཀྱིས་བསྒྱུར་བའི་བློ་ཟེ།

It was during the battle between Jakar Penlop Pema Tenzin and Trongsa Penlop Dungkar Gyaltshen




༼ཉིནམ་དང་པ༽


དཔལ་ཉི་མའི་ཤར་གྱི་གཡུས་ཁ་ལས།།

ཨམ་ཀ་གཞི་བཟང་མོའི་གདང་ར་དེ།།

གཡུས་གྱོང་སྟོད་གསེར་གྱི་པོ་སྟི་འདྲ།།

གཡུས་གྱོང་སྨད་དངུལ་གྱི་གཞོངམ་དང་འདྲ།།

ཡུམ་བསོད་ནམས་པདྨོའི་བློ་གཏད།།

གྲོགས་ཕུར་ཅུང་གསང་མའི་གཏན་འགྲོགས།།

བུམོ་ལྷ་སྒྲོན་བཟང་མོའི་ཡབ་ཆེན།།

ང་གཟིམ་དཔོན་ཚེ་དབང་བཀྲིས་འདི།།


ཁ་ཡ་མཆུ་གསེར་གྱི་གླེབ་ཤིང་འདྲ།།

ཁ་མ་མཆུ་བྱུ་རུའི་མེ་ཏོག་འདྲ།།

བར་ལྷ་ཁང་འདྲ་བའི་ནང་ན་ལས།།

ལྕེ་རུས་ཏོ་མེད་པར་བསྒྱུར་ལུགས་བདེ།།


མགུ་ཕང་ཡུལ་གངས་དང་བོད་འདྲ་བས།།

གངས་རི་རྒྱལ་ལྷུནམོ་གསེར་གྱི་མཛོད།།

རྩཝ་ཀོ་མ་འཕྲང་དང་རྒྱ་འདྲ་བས།།

རྒྱ་པདྨའི་ཐང་ནི་དངུལ་གྱི་མཛོད།།


སྟོད་ཁུ་བྱུག་ལ་མོའི་ལ་གཞོལ་ལུ།།

སྨད་གསུམ་མཐུད་ཟམ་པའི་གཉའ་པ་ལུ།།

རྫོང་འགྱམ་མགུ་ཐང་ན་བརྡལ་ས་ལུ།།

ཐང་དཀོན་མཆོག་མཆོད་རྟེན་བཞེངས་ས་ལུ།།


ལྷ་མཆོད་རྟེན་མཎི་བསྐོར་ས་ལུ།།

གསུང་མཎི་གཡས་བསྐོར་རྐྱབ་ས་ལུ།།

ཤིང་གེ་ཤིང་ལོ་འདབ་རྒྱས་ས་ལུ།།

རྩེམོ་མེ་ཏོག་ལྷ་ལུ་ཕུལ་ས་ལུ།།


རྫོང་འགྱམ་མཇུག་བྱག་ལས་གཟར་ས་ལུ།།

བྱག་ཧོན་མོའི་མཚོ་ལུ་གཏད་ས་ལུ།།

མཚོ་གཡང་མཚོ་གཡུ་གིས་བརྒྱན་ས་ལུ།།

གཡུ་རིན་ཆེན་མཎྜལ་ཕུལ་ས་ལུ།།


རྫོང་དཀར་པོའི་སྐུ་དཀར་སྒྲོན་ས་མས།།

བར་དཀར་པོའི་སྐེ་དམར་བཏང་ས་མས།།

ལོགས་ཁྲ་མོའི་གཞའ་རི་བསྒྲིག་ས་མས།།

ཕྱི་སྒོ་ཆེན་གཅིག་ལས་བཙར་ས་མས།།


བར་གཟིམ་ཅུང་སྒོ་གིས་བཅད་ས་མས།།

ནང་གཟིམ་ཅུང་རང་སར་བཤེད་ས་མས།།

མཐོཝ་དབང་ཆེན་སྐྱིད་ཉམས་སྐྱོང་ས་མས།།

དམའཝ་མི་སེར་སྐྱིད་སྡུག་ཞུ་ས་མས།།


རྫོང་རབ་གསལ་ཤར་གྱི་ཁ་ཐུག་ལུ།།

ཨམ་དབང་མོའི་འབྲུག་སྒྲ་ཉི་མ་བཞུགས།།

རྫོང་རབ་གསལ་ལྷོ་ཡི་ཁ་ཐུག་ལུ།།

སྡེ་གྲྭ་ཚང་བླ་མའི་གནས་བརྟན་བཞུགས།།


ལ་དར་དཀར་ལ་མོའི་ལ་གཞོལ་གྱི།།

འབྱོགཔ་གནག་རྫི་ཕྱུག་པོའི་སྒོ་ཁ་ལུ།།

གཡག་སྤུ་ཅན་བརྒྱ་དང་སྤུ་མེད་སྟོང་།།

འབྱི་བཞོ་ཅན་བརྒྱ་དང་བཞོ་མེད་སྟོང་།།


དཔོན་ཨམ་འབྲུག་ཉི་མའི་སྒོ་ཁར་ཡང་།།

བོད་མིང་ཅན་བརྒྱ་དང་མིང་མེད་སྟོང་།།

བོད་མིང་མེད་ཤུལ་མར་བཞག་སྟེ་གིས།།

བོད་མིང་ཅན་དཔོན་གྱི་དར་བཏགས་ཚེ།།


ས་རུས་པའི་ཀུན་བཟང་རྒྱལ་མཚན་འདི།།

ཡར་ཨམ་འབྲུག་དཔོན་གྱི་ཐུགས་གཏད་མས།།

ཁོ་ཞལ་ངོ་ཟླཝ་དཔལ་འབྱོར་འདི།།

བར་གཟིམ་ཅུང་སྒོ་ཁའི་རྒྱན་ཆ་མས།།


ཤར་ཀུན་བཟང་གླིང་ག་རྡོ་རྗེ་འདི།།

མར་ལྟོ་ཚང་དམང་གི་མགུ་བདག་མས།།

རང་པདྨའི་ཚེ་དབང་བཀྲིས་འདི།།

དཔོན་ཨམ་འབྲུག་ཉི་མའི་གཟིམ་དཔོན་མས།།


ཞིང་དཀར་ཞིང་ཧོན་མོའི་ནང་ན་གི།

འབྱུ་གེ་རས་དཀར་པོའི་མེ་ཏོག་འདི།།

རྩེམོ་དཀར་པོའི་ཁྲུན་ཐག་མ་ཆོདཔ་ལས།།

རྩཝ་གནག་པོའི་ཕྱོགས་སུ་གཡོ་མཆི་ནུག།


རྫོང་དབང་འདུས་རྫོང་གི་ནང་ལུ་ཡང་།།

ཨམ་པདྨའི་ཚེ་དབང་བཀྲིས་ང་།།

ལུས་དཔོན་གྱི་ཕྱོགས་ལུ་གཡོ་མཆི་རུང་།།

སེམས་སྒར་པའི་ཁྲུན་ཐག་མ་ཆོདཔ་ལས།།


མཐོཝ་དཔལ་ལེགས་ལ་མོའི་ལ་རྒྱབ་ཀྱི།།

རྫོང་རི་བར་གཤོང་གི་ནང་ན་ལུ།།

ཨམ་དུང་དཀར་གསང་མས་འཁྲུངས་པའི་སྲས།།

དཔོན་ཆོས་རྗེ་དུང་དཀར་རྒྱལ་མཚན་དང་།།


ལམོ་ཀི་ཀི་ལ་མའི་ལ་རྒྱབ་ཀྱི།།

རྫོང་གཡུལ་རྒྱལ་རྫོང་གི་ནང་ན་ལུ།།

ཨམ་གཏམས་གཞི་གསང་མས་འཁྲུངས་པའི་སྲས།།

དཔོན་ཆོས་རྗེ་པདྨ་བསྟན་འཛིན་གཉིས།།


ཚུར་རང་དབང་སྤྱན་གྱིས་མ་གཟིགས་པར།།

ཕར་གཞན་དབང་ཞབས་ཀྱིས་མནན་མཆི་སྟེ།།

སྦ་སྨྱུག་མའི་སྦ་གི་དུང་ཅུང་གི།

གསུང་སྙན་པའི་ཀོང་ཐང་ཆ་གཅིག་མས།།


རྒྱུ་དར་སྐུད་བུམ་ཐང་སྡེ་ལས་ཐོན།།

སྤུན་སྟོང་སྐུད་མང་སྡེ་ཚོ་ལས་ཐོན།།

སྐུདཔ་ལན་གཅིག་གཡས་འཁལ་རྐྱབ་སོང་པར།།

སྐུདཔ་གྲིམས་ལྷོད་ཞུགས་ཏེ་མ་བཏུབ་པར།།


སྐུདཔ་གྲིམས་ལྷོད་ཞུགས་པའི་ལ་ཡོག་གིས།།

དམག་རྒྱལ་ཕམ་དགུང་དང་མཉམ་སོང་ནུག།

དམག་རྒྱལ་ཕམ་དགུང་དང་མཉམ་པ་ལས།།

དཔོན་ཆོས་རྗེ་དུང་དཀར་རྒྱལ་མཚན་གྱིས།།


ཡར་སྤུངས་ནང་སྡེ་པར་ཞུ་ཡིག་ཕུལ།།

ན་དབང་རྫོང་པ་ལུ་གྱོས་བསྐོར་འཚོལ།།

གཏམ་གྱོས་ཀྱི་གྱོས་བསྐོར་གཙོ་བོ་རང་།།

ཁོང་དམག་ལུ་དམག་རྒྱབ་དགོ་པས་ལོ།།


དཔོན་ཨམ་འབྲུག་ཆེ་བའི་ཉི་མ་གིས།།

གསུང་བཀའ་རྒྱ་བོརན་གསེར་བས་ཕང་།།

འབགན་རི་བས་ལྕིཝ་འབད་དེ་གིས།།

ང་དམག་གི་རྒྱབ་ལུ་འགྱོ་དགོ་ལོ།།


ཕར་ཤར་རྫོང་ཆུང་གུ་ཅིག་འགུ་ལུ།།

ན་དམག་རྒྱབ་སྒར་པར་རེ་སྟི་མས།།

ན་དམག་རྒྱབ་སྒར་པར་རེ་བའི་ཚེ།།

ནང་མནོ་བའི་ཧིང་དཔྱ་ནེ་སྦེ་ཡོད།།


སྡེ་ཚོ་རེས་ཚོ་བསྐོར་རྐྱབ་རུང་རང།།

སྡེ་ཚོ་བསྐོར་མི་ཕོགཔ་ཐག་ཆོད་ཨིན།།

ལུང་མོ་བཏབ་རྩིས་བཏབ་འབད་རུང་རང་།།

ལུང་མོ་ཁར་མི་འབབ་ཐག་ཆོད་ཨིན།།


བོད་མིང་མེད་གྱངས་ཁ་མ་ཆོད་རུང་།།

བོད་མིང་ཅན་གཞན་དང་གཞན་ཡང་ཡོད།།

བོད་མིང་ཅན་དཔོན་གྱི་དར་བཏགས་ཚེ།།

ད་ཆ་མཉམ་བྱོན་ཅིག་ཆ་མཉམ་བྱོན།།


ཡངན་དབང་འདུས་རྫོང་གི་ནང་ན་ལུ།།

ཕ་དགེ་བཤེས་རྩིས་པའི་བུ་བརྒྱུད་ཡོད།།

བུ་དགེ་བཤེས་རྩིས་པའི་སྐུ་མདུན་ལུ།།

ལུང་མོ་བཏབ་རྩིས་བཏབ་ཞུ་བར་བྱོན།།


ཁོ་དགེ་བཤེས་རྩིས་པའི་བུ་བརྒྱུད་ཀྱིས།།

དགུང་གནམ་རྩིས་དགོ་མོའི་ས་ཁར་ཕབ།།

རྩིས་ས་རི་རྡེའུ་བསྒྱུར་ལྟ་ཚེ།།

མོ་ལུང་བསྟན་ང་ལུ་བབས་པས་ལོ།།


སྡེ་ཚོ་རེས་ཚོ་བསྐོར་བརྐྱབ་རུང་རང་།།

སྡེ་ཚོ་བསྐོར་ང་ལུ་ཕོག་པས་ལོ།།

ཉལཝ་གཉིད་ལམ་ནང་ཡང་མ་མཐོང་པར།།

ད་ཆག་སྒོ་རང་ལུ་ཐུག་མཆི་ཡི།།


ད་ཆག་སྒོ་རང་ལུ་ཟུག་པ་ལས།།

ཁོང་དམག་གི་རྒྱབ་ཐག་ཐོན་དགོ་པས།།

ཉིནམོ་ནངས་པར་ཟེརན་ཧ་ཡང་ཧ།།

ཉིནམོ་གཞེས་ཚེ་ཟེརན་འཕྱིས་ཡང་འཕྱི།།


དུས་ནངས་ཚེ་ནམ་དགུང་ནངསམ་ད་ལུ།།

ང་ཆིབས་ཁ་ཤར་ལུ་བསྒོར་དགོ་པས།།

ཨམ་སྒྲོལ་མའི་ཀུན་བཟང་རྡོ་རྗེ་གིས།།

ང་སྒར་པའི་གྲབས་ཆས་སྒྲིགས་སྨ་རེ།།


༼ཉིནམ་གཉིས་པ༽


གནས་གཡུས་ས་མར་གྱི་ཆིབ་དཔོན་གྱིས།།

རྟ་ཕོ་ཆེན་དུང་དཀར་དམར་ཁྲ་འདི།།

ཕྱི་བལྟ་བའི་མིག་གཞི་ཁོ་རང་མཐུན།།

ནང་རྒྱུག་པའི་བང་ཡང་ཁོ་རང་བཟང་།།


མར་རྨིག་བཞི་རྡོ་ལུ་རེག་ནི་མེད།།

ལམ་གྱེན་ལུ་ཨིན་ཟེར་ལྷོད་ནི་མེད།།

ལམ་ཐུར་ལུ་ཨིན་ཟེར་མགྱོགས་ནི་མེད།།

ལམ་གཡང་ལུ་ཨིན་ཟེར་གཟུར་ནི་མེད།།


དུས་ནངས་པར་ནམ་དགུང་ནངསམ་ད་ལུ།།

སྒ་གདན་སྟག་ལྤགས་གཟིག་ལྤགས་རྐྱབ།།

སྒ་མགུ་ལས་རིན་ཆེན་གསེར་གྱིས་ཤོན།།

གསེར་ཡང་རིན་ཆེན་གཡུ་གིས་བརྒྱན།།


སྒ་མཇུག་ལས་རིན་ཆེན་དངུལ་གྱི་ཤོན།།

དངུལ་ཡང་རིན་ཆེན་བྱུ་རུས་བརྒྱན།།

སྒ་བར་ལས་དར་དང་གོས་ཀྱིས་ཤོན།།

དར་ཡང་སྨན་རྩེ་སྣེ་ལྔས་བརྒྱན།།


སྲབ་འབྲུག་རི་ཁ་འཐབ་ཁ་ལུ་ཤོན།།

ཡོབ་ཆུ་སྲིན་ཁ་སྤྲོད་ལོགས་ལས་བརྒྱན།།

ཆག་ཤམ་བྱཱ་དཀརམོ་བྱིན་སྟེ་གིས།།

ཐང་ཆུ་འཁོར་ནང་ན་བཏོན་སྨ་རེ།།


ཉིམ་ཤར་ལུ་བྱོན་མི་ལྟོ་ཚང་གིས།།

དཔོན་ཨམ་འབྲུག་ཉི་མའི་སྒོ་ཁ་ལུ།།

དུས་བདེ་ཚེ་དོར་མར་རྟ་མེད་རུང་།།

དུས་མ་བདེ་དམག་བགོ་རྒྱ་ཕྱིང་མས།།


དུས་ནངས་པ་ནམ་དགུང་ནངསམ་ད་ལུ།།

བགོ་དམག་བགོ་རྒྱ་ཕྱིང་ཕྱི་ལས་གྱོན།།

བགོ་གོས་ཆེན་དམར་ཁྲ་ནང་ན་ཤབས།།

དར་མཛོད་ཆེན་སྣེ་ལྔ་རྒྱ་འགྲམ་ལྷགས།།


རྨོག་ཉི་མའི་འོད་ཟེར་མགུ་ལུ་ཤོན།།

ཕུབ་གསེར་གྱི་ཕོར་ཅུང་རྒྱབ་ལས་བརྒྱན།།

གྱི་དཔག་བསམ་བསྟན་འཛིན་བློ་བར་བཏགས།།

ནོརབུ་གསེར་གྱི་གའུ་སྐེ་ལུ་བཏགས།།


གཡས་སྟག་དོང་ཁྲ་མོའི་ནང་ཤེད་ལུ།།

གཞུ་བལྟབ་གཞུ་སྟོང་གསུམ་འབྲུག་སྒྲ་བཙུགས།།

གཡོན་གཟིག་དོང་ཁྲ་མོའི་ནང་ཤེད་ལུ།།

མདའ་གནམ་ལྕགས་ཐོག་དང་འདྲ་བ་བཙུགས།།


མདུང་ཁམས་གསུམ་རྣམ་རྒྱལ་ལག་པར་གསར།།

ཡར་དགོན་ཁང་ཁྲ་མོའི་ནང་ན་ལུ།།

འཆིཝ་སྲོག་ལས་སྐྱབས་པའི་གསེར་སྐྱེམས་དང་།།

དོན་གཉེར་གསོལ་སྙན་དར་ཕུལ་བར་བྱོན།།


རྫོང་འདི་ན་བཞུགས་པའི་ལྟོ་ཚང་གིས།།

བྱེས་བྱར་ས་དགུང་ས་སྤོཝ་མིན་པར།།

ཉིམ་ཤར་ནུབ་སྦུག་ལས་གཤགས་ཏེ་གིས།།

དམག་དཔའ་ཁ་རྩལ་ཁ་འགྲན་པར་མས།།


དུས་ནངས་པ་ནམ་དགུང་ནངསམ་ད་ལུ།།

དཔལ་ཆོས་རྗེ་འབྲུག་པའི་ལམ་ལུགས་འབད།།

རས་ཁ་དཀྲི་བཀབ་ནེ་བཀབ་སྟེ་གིས།།

མར་ནུབ་པའི་སྒོ་རར་བྱོན་སྨ་རེ།།


རྒསན་རྒས་པའི་བསྐོར་གཏམ་ཚིག་གསུམ་དང་།།

གཞོནན་གཞོན་པའི་ཧིང་གཏམ་ཚིག་གསུམ་དང་།།

བརན་བར་མའི་གསང་གཏམ་ཚིག་གསུམ་གྱིས།།

སེམས་ལྷུ་བའི་ཁ་ཏ་འབད་སྨ་རེ།།


གཡས་ཕོ་གྲལ་གཡས་ལས་བཅད་མི་གས།།

ཆང་གསུམ་ཆང་ཁག་མའི་བདུད་རྩི་འདི།།

གླང་མ་ཧེའི་རྭ་བར་འདེགས་ཏེ་གིས།།

ཕོ་དཔའ་བོའི་ལམ་འཇུག་རྐྱབས་སྨ་རེ།།


གཡོན་མོ་གྲལ་གཡོན་ལས་བཅད་མི་གིས།།

བྱཱ་བརྔོ་རྔོ་འཛར་བའི་སྤོ་རོག་འདི།།

ཧོད་བང་ཅུང་ཁྲ་མོར་འདེགས་ཏེ་གིས།།

མོ་དཔའ་མོའི་ལམ་འཇུག་རྐྱབས་སྨ་རེ།།


༼ཉིནམ་གསུམ་པ༽


དུས་ད་རི་ནམ་དགུང་ནངས་མ་ལས།།

ཡར་དགོན་ཁང་ཁྲ་མོའི་ནང་ན་ལུ།།

འཆིཝ་སྲོག་ལས་སྐྱབས་པའི་རེ་བ་གིས།།

སྒརཔ་སྙན་དར་ཕུལ་བར་འཛུལ་སོང་པར།།


དཔལ་ཡེ་ཤེས་མགོནམོ་ལྕམ་དྲལ་གསུམ།།

སྐུ་གཡོ་ནི་མེད་རུང་ཧ་ཧ་ཟེར།།

སྤྱན་ནམ་མཁའི་མཐོངས་ལུ་གཟིགས་ཏེ་གིས།།

ཐུགས་ཁྲོས་པའི་ཚུལ་ཅིག་སྟོན་བསྡད་པར།།


རྫོང་རི་བར་གཤོང་གི་ནང་ན་ལུ།།

དམག་དཔའ་ཁ་རྩལ་ཁ་འགྲན་པའི་ཚེ།།

ཁོང་དགྲ་བོ་དམང་གི་སྲོག་ཐག་གི།

མཇུག་བཏོག་ནི་ཨིན་པར་ཐག་ཆོད་པས།།


སྐྱབས་བླམ་དང་དཀོན་མཆོག་གསུམ་ལུ་ཞུ།།

མགོན་ལྷ་ཀླུ་མི་གསུམ་གྲོགས་ལུ་སྦྲན།།

བློ་དབང་ཆེན་དཔོན་གྱི་ཕྱོགས་ལུ་གཏད།།

ཡར་དགོན་བཟང་ཁྲ་མོའི་ནང་ལས་བབས།།


ངི་དཔོན་གྱི་ཕྱག་དབང་ཞུ་སོང་པར།།

ཤིཝ་སྲོག་གི་རིན་ཡང་བཅིངས་བཞག་ནུག།

བཀའ་ལན་གཅིག་གནང་སྟེ་ཐོན་འོང་ཚེ།།

གསུང་ལན་གཅིག་མ་བསྒྲུབས་ཐབས་མིན་འདུག།


ཚེ་ལན་ཐེངས་གཅིག་གི་དཔོན་གཡོག་གཉིས།།

དུས་ད་རིང་སོ་སོར་འབྱལ་བསྙོག་ཏོ།།

ད་གསུང་ནི་ཡོད་རུང་གསུང་དགོ་པས།།

ད་ཞུ་ནི་ཡོད་རུང་ཞུ་དགོ་པས།།


ས་ཐང་མགུ་བྱག་ཆུ་དཀར་མོར།།

ས་ཐང་སྐེད་བར་གྱོང་ཐང་ཁར།།

ས་ཐང་མཇུག་ཆུ་འཁོར་ཐང་ན།།

ཁྲིམས་ལུགས་གཉིས་འཁོར་ལོ་བསྒྱུར་ས།།


ཆུ་ཕོ་ཆུ་གཡས་བསྐོར་རྐྱབ་ས།།

ཆུ་མོ་ཆུ་གཡོན་བསྐོར་རྐྱབ་ས།།

སྐུ་བླམ་དང་སྡེ་པའི་བཞུགས་ས།།

གསུང་ཆོས་ཀྱི་འཁོར་ལོ་བསྐོར་ས།།


རྫོང་སྤུངས་ནང་བདེ་ཆེན་ཕོ་བྲང་གི།

ཁོ་རྫོང་དཔོན་ཞརཝ་དངོས་གྲུབ་ཀྱི།།

གཏམ་གྱོས་བསྐོར་རྩ་ལས་མི་བདེ་བས།།

ཐུགས་ན་ཐན་སྒྱིམས་ཤིག་ངེ་དྲགོས།།


ཞལ་ལོག་སྟེ་མ་མཇལ་བར་ནང་ལུ།།

ཁམས་བཟངམོ་སྦེ་བཞུགས་ཤིག་ངེ་དྲོགས།།

ད་བཞུགས་ཤིག་བཞུགས་ཤིག་ངེ་དྲགོས།།

ཞལ་ལོག་སྟེ་མཇལ་བའི་སྨོན་ལམ་ཞུ།།


ཆུང་ཚེ་ལས་འགྲོགས་པའི་ལྟོ་ཚང་ཚུ།།

ཐུགས་མ་ཡེངས་ཚར་ཅིག་གསན་གནང་མས།།

ང་ཤར་ལས་ནུབ་ལུ་མ་འཁོར་ཚུན།།

ཁྱེད་ཐུགས་ལུ་ངེས་དགོཔ་ནེ་སྦེ་ཡོད།།


ཡར་གོང་མར་ཕྱག་ཞེ་འབྱོར་ནི་གཅིག།

མར་མི་སེར་སྐྱིད་སྡུག་བལྟ་ནི་གཉིས།།

བར་རང་མགོ་འཐོན་ནི་དེ་དང་གསུམ།།

རིགཔ་ན་ཐན་བསྒྱིམ་ཏེ་མཛད་སྨ་རེ།།


ལོག་དཔལ་ལ་བརྒལ་ཏེ་ལྷོད་པ་ཅིན།།

དམག་རྒྱལ་ཁ་ཐོབཔ་རང་བཞིན་ཨིན།།

ལོག་དཔལ་ལ་བརྒལ་ཏེ་ལྷོད་མ་ཚུགསན།།

དམག་རྒྱལ་ཁ་ཤོརཝ་རང་བཞིན་ཨིན།།


བློ་སྦ་བསྲི་མེད་པའི་ཧིང་གཏམ་འདི།།

ལུས་ཁོག་པའི་གཏིང་ལུ་བཞག་སྨ་རེ།།

ལུང་ཁོད་ནི་མེད་པའི་མདུད་ཕོད་འདི།།

བགོ་རལ་པའི་མཐའ་མར་བཏབ་སྨ་རེ།།


ཤིན་ཤི་བའི་ཁ་ཆེམས་འབད་སྨ་རེ།།

གསོནན་གསོན་པའི་ཁ་ཏ་འབད་སྨ་རེ།།

ང་འགྱོ་མི་ཨིན་པས་འགྱོ་དགོ་པས།།

ཁྱེད་བཞུགས་མི་ཨིན་པས་བཞུགས་སྨ་རེ།།


བོད་ངོ་རིས་ལེགས་ཚད་སྔོན་མར་བཙུགས།།

བོད་གཟུགས་གཞི་ལེགས་ཚད་ཟུར་ལས་ལྷོངས།།

བོད་བྱིན་ཐ་ལེགས་ཚད་རྟིང་ཤུལ་བཞག།

མར་ནུབ་པའི་སྒོ་ལས་བཙར་སོང་པར།།


ཐུགས་སྟོང་གི་དོགས་པའི་བང་རྔ་དང་།།

སེམས་འཁྲུལ་གྱི་དོགས་པའི་ཀྲིང་ཀྲི་དང་།།

སྐྱོམོ་ལངས་ཀྱི་དོགས་པའི་རྒྱ་གླིང་དང་།།

ལས་སྐྱོ་མོའི་ཕྱྭ་དང་ཁུག་སྐད་ཚུ།།


མར་དོག་མོའི་ས་ལས་ཧལ་བའི་འགུར།།

ལྕགས་མེ་མདའ་དཔག་ཆེན་འུར་སྒྲ་འདི།།

ཡར་གནམ་མཁའི་མཐོངས་ལས་ལྡིར་བའི་ཚེ།།

སྒརཔ་དོན་ཧིང་སྦུག་ལས་གས་བསྙོག་ཏོ།།


རྫོང་འདི་ནང་བཞུགས་པའི་ལྟོ་ཚང་ཚུ།།

ང་བྱོན་ཞུ་ཆུ་འཁོར་ཐང་ལས་མས།།

མགུ་སྐབས་ནི་ས་ཁར་ཕབ་ཏེ་གིས།།

ལོག་དཀར་པོའི་རྫོང་ལུ་བྱོན་སོང་ཡི།།


རང་ལས་དང་སྐྱོ་མར་ཚུད་མི་ཚུ།།

གནས་རྫོང་ཆེན་རྒྱབ་ཁར་བསྐྱུར་ཏེ་གིས།།

ལ་དཔལ་ལ་གདོང་བསྐོར་ལེན་དགོཔ་ལས།།

སེམས་མ་འཁྲུལ་རང་ཚད་གན་འོང་ནི།།


ལམ་གངས་མཇུག་ཉེགས་ལས་བཙར་བའི་སྐབས།།

དཔོན་ལྷ་ཅུ་འདྲཝ་ཅིག་རྟ་ཁར་བཞོན།།

ཨ་དྲུང་བྱི་ཅུང་འདྲཝ་ཅིག་གདོང་ཁར་བཙུགས།།

སྒརཔ་མེ་ཏོག་འདྲཝ་ཅིག་ཟུར་ལས་ལྷོངས།།


ངི་ཆིབས་པའི་ཆིབས་གྲལ་བསྒྲིག་སོང་པར།།

རྟ་ལེགས་པའི་དུང་དཀར་དམར་ཁྲ་གིས།།

དུས་ནམ་ཡང་མེད་པའི་སྤྱོད་ཅིག་བཙོང་།།

ཡར་མགུ་ལས་མགུ་གསིག་ཚར་གསུམ་རྐྱབ།།


མར་མཇུག་ལས་མཇུག་གསིག་ཚར་གསུམ་རྐྱབ།།

དཔོན་ལྷ་ཅུང་འདྲཝ་ས་ཁར་བརྡབས།།

ཨ་དྲུང་བྱི་ཅུང་འདྲཝ་རྡོ་ལུ་བསྒྲལ།།

སྒརཔ་མེ་ཏོག་འདྲཝ་སྤང་ན་འགྱེལ།།


སྤྱན་ཆབ་ཉག་མའི་ཐིག་ཅུང་འདི།།

མར་དོག་མོའི་ས་ཁར་ཤོར་བའི་ཚེ།།

སྒརཔ་ཆ་མཉམ་རྣམ་རྟོག་ལངས་མཆི་ནུག།

ཁྱེད་མཉམ་ཅིག་བྱོན་མི་ལྟོ་ཚང་ཚུ།།


ཐུགས་རྣམ་རྟོག་རྟ་ལུ་བཟུང་མི་དགོ།

རྟ་རྭ་མེད་པར་གན་བརྡུང་ནི།།

རང་མ་འགྱོ་དཔོན་གྱི་བཀའ་མ་འཁྱོགས།།

ད་འགྱོ་བའི་ལམ་ལུ་བློ་འགྱོད་མེད།།


མགོནམོ་རྭ་བྲག་གནས་ཁང་ནང་ན་ལུ།།

དར་དཀར་པའི་སྙན་དར་ཕུལ་སོང་པར།།

ཁོང་ཤར་གྱི་རྭ་བྲག་སྤུན་གསུམ་ཡང་།།

ཆིབས་ཉི་མའི་ཤར་ལུ་བསྒོར་མཆི་ནུག།


དུས་ད་རིང་དཔལ་གྱི་ཉིན་མོ་ལས།།

རྫོང་དབང་འདུས་རྫོང་གི་ནང་ན་ལུ།།

ཡར་ཨམ་འབྲུག་དཔོན་ལུ་གཟིམ་དཔོན་མེད།།

བར་གཟིམ་ཅུང་སྒོ་ཁར་རྒྱན་ཆ་མེད།།


མར་ལྟོ་ཚང་དམང་ལུ་མགུ་བདག་མེད།།

ཤར་གནས་གཡུལ་ཅན་མར་དཔོན་སྐལ་མེད།།

ངི་ཡུམ་ཆེན་ཨ་མར་གཅེས་གཅེས་མེད།།

སྲིངམོ་སངས་རྒྱས་བཟང་མར་ཕོ་རྒནམ་མེད།།


གྲོགས་ཕུར་ཅུ་བཟང་མར་གཏན་འགྲོགས་མེད།།

ངི་བུ་དང་བུ་མོར་ཡབ་ཆེན་མེད།།

རང་སྟོབས་ལྡན་དཔའ་བར་ཨ་བསོད་མེད།།

ད་བྱོན་ཅིག་བྱོན་ཅིག་ལྟོ་ཚང་གིས།།


ལམ་རག་བར་ནང་ལས་བཙར་བའི་བསྒང་།།

ངི་རག་བར་ལྡུམ་རའི་གཉེར་པ་གིས།།

ངང་ལག་གཞསམོ་རྐྱབ་པའི་ཁར།།

ཚལ་ལུ་མཎྜལ་བྱུར་བའི་འགུར།།


ཧུམ་པ་གསེར་ཏོག་བཀལ་ཏེ་གིས།།

དབང་ཆེན་དཔོན་གྱི་ཕྱག་དབང་མས།།

རྒྱ་བསམ་གྲུབ་ཕྱོགས་ཀྱི་དམར་ཁྲ་བགོ།

དཔོན་དབང་ཆེན་རང་གིས་གནང་ནི་མེད།།


ལྷོད་བང་ཅུང་ཁྲ་མོའི་ནང་ན་ལས།།

དངུལ་ཏི་རུབ་བོད་སྤྲམ་བཞག་སྨ་རེ།།

ངི་རག་བར་ལྡུམ་རའི་གཉེར་པ་སྨོ།།

ཁྱོད་སྡོད་མི་ཨིན་པས་སྡོད་སྨ་རེ།།


ང་གཟིམ་དཔོན་ཚེ་དབང་བཀྲིས།།

འགྱོ་མི་ཨིནམ་ལས་འགྱོ་དགོ་པས།།

དགྲ་བྱང་ཕྱད་ཐལ་བར་བརླགས་ཏེ་གིས།།

ལོག་འཕྱད་པའི་སྨོན་ལམ་བཏབ་སྨ་རེ།།


དང་པོ་སྔོན་ཐོག་སྔོན་མའི་བསྒང་ལུ།།

ཡབ་ཨ་པ་བཀྲིན་ཆེ་བ་ལས།།

ཐགཔ་རྡོ་ཐག་ལག་པར་གསར་ཏེ་གིས།།

ལམ་གངས་མཇུག་ལོགས་ལས་ཡར་མ་འཛེགས།།


ཡུམ་ཨ་མ་བཀྲིན་ཆེ་བ་ལས།།

ཁྲལ་ཁྱལ་འཐུས་འུར་ལས་འབག་སྟེ་གིས།།

ལམ་ཆད་པ་གཤོང་ལས་མ་བསྐོར།།

དུས་ད་རིང་དཔལ་གྱི་ཉི་མར།།


རང་ལས་དང་སྐྱོ་མར་ཚུད་སོངཔ་ལས།།

དཔོན་ཨམ་འབྲུག་ཉི་མའི་སྐུ་ཚབ་འབད།།

དགྲ་བྱང་ཕྱད་བརྟུལ་བར་ཨིན་ཟེར་ཏེ།།

ལམ་ཆད་པ་གཤོང་ལས་བསྐོར་དགོ་པས།།


ལམ་བསམ་གཏན་གྱེན་ལས་བཙར་ཏེ་འབད།།

གནས་བསམ་གཏན་སྒང་ལུ་ལྷོད་པའི་སྐབས།།

ཁོང་མི་སེར་གནས་གཡུལ་ཅན་མ་གིས།།

ལྟདམོ་སྒོ་ཅུང་ནང་ལས་བལྟ་ནི་འདུག།

གནས་བསམ་གཏན་ཧོན་ཤིང་རྩ་བ་ལུ།།

ཨམ་གེ་ཤིང་ཨྱོན་ཆོས་འཛོམས་ཀྱིས།།

གསེར་སེར་པའི་སྤ་རི་བརྐྱངས་བཞག་ནུག།

ལྕགས་གནག་པོའི་རྐང་གསུམ་བཙུགས་བཞག་ནུག།


ནོརབུ་དམར་པའི་ཁྲོ་ཟངས་བཀལ་བཞག་ནུག།

དུང་དཀར་པའི་ཡར་སྒྲོན་ལྷོངས་བཞག་ནུག།

ཆང་གསུམ་ཆང་ཁག་མའི་བདུད་རྩི་འདི།།

གླང་མ་ཧེའི་རྭ་བར་འདེགས་བཞག་ནུག།


འབྲས་བརྔོ་རྔོ་མཛར་བའི་སྤོ་རོག་འདི།།

ཧོད་བང་ཅུང་ཁྲ་མོར་འདེགས་བཞག་ནུག།

ཆང་རྟེན་འབྲེལ་ཨིན་པས་བཞེས་མཆི་གེ།

རྫས་ལམ་འཇུག་ཨིན་པས་འབག་མཆི་གེ།


ཡུམ་གེ་ཤིང་ཨ་མས་འདི་གསུངས་ཏོ།།

བློ་མ་གསང་ཨ་མའི་ཧིང་གཏམ་འདི།།

ཁྱོད་དབང་ཆེན་བུ་དང་འདྲ་བ་ལུ།།

གཏམ་ཞུ་བའི་ཞུ་ལུགས་དེ་སྦེ་ཡོད།།


མཐོཝ་དཔལ་ལའི་ལ་མོའི་ལ་རྒྱབ་ལས།།

དགྲ་ཆགས་སྡང་རྒྱལ་ཁ་ཐོབ་པ་ཅིན།།

རྫོང་ཀྲོང་གསར་རྫོང་གི་ནང་ན་ལས།།

ང་ཡུམ་ཆེན་མ་དང་འདྲ་བ་ལུ།།


རྫས་དངོས་པོའི་ལག་རྟགས་ང་མི་ཞུ།།

གསུང་སྐམ་པའི་ཁ་འཐེན་བཏང་སྨ་རེ།།

ལོག་དབང་འདུས་རྫོང་ན་འབྱོནམ་ད་ཡང་།།

ཐབས་རྟེན་འབྲེལ་དེ་སྦེ་བསྒྲིག་ནི་ལོ།།


ངི་ཏི་རུབ་ནོར་བཟང་ཕུབ་ཆེན་འདི།།

ཡུམ་ཨ་མའི་ཧོད་སྲུང་བཙུགས་སོང་པར།།

དར་དཀར་པའི་གདོང་རྒྱན་བསྣམས་ཏེ་གིས།།

བུ་དབང་ཆེན་རང་གི་སྐེ་ལུ་མས།།


ཡུམ་བཞུགས་ཟེར་ཞུ་བའི་ཞུ་ལོང་མེདཔ།།

ཡུམ་སྤྱན་ཆབ་དོག་མའི་ས་ལུ་ཤོར།།

ཐུགས་སྨོན་ལམ་ལན་གསུམ་བཏབ་སྟེ་གིས།།

ལོག་གནས་གཡུལ་ཅན་མར་བྱོན་སོང་ཡི།།


གདོང་ཚར་ཅིག་ཕར་བསྒོར་རྐྱབ་བལྟ་བར།།

ཆུ་སྦུལ་ཀྱོག་བརྐྱབ་སའི་གཡས་ཕྱོགས་ལུ།།

ལམ་འབྲས་མང་གཤོང་གི་གཡོན་ཕྱོགས་ལུ།།

ཤར་ཀ་གཞི་ནོར་བུའི་གནས་ཡུལ་མཐོང་།།


གཡུལ་གྱོང་སྟོད་གསེར་གྱི་པད་ཐང་ན།།

དགེ་ཆབ་བླུགས་ཅན་མའི་བཞུགས་ས་མཐོང་།།

གཡུལ་གྱོང་སྨད་དངུལ་གྱི་གཞོང་མའི་ན།།

བླམ་མཆོད་གནས་ཕ་ཇོ་འཁྱམས་ས་མཐོང་།།


གཡུས་གྱོང་བར་གཡུ་ཡི་ལྕགས་རིའི་ནང་།།

རང་དབང་ཆེན་དཔོན་གྱི་གཟིམ་ཅུང་མཐོང་།།

སྒརཔ་མི་དགའ་འཁྲུལ་སྣང་ལངས་མཆི་དོ།།

ད་ཆིབས་ཁ་བཞེས་ཤིག་ཆིབས་ཁ་བཞེས།།


ལམ་བྱ་བདག་རུད་ཆད་ལྷོད་པའི་ཚེ།།

ཆུ་བསིལ་བ་མེད་རུང་ཧུབ་གསུམ་འཐུང་།།

ལོག་མ་བལྟ་སེམས་ཀྱིས་བཟོད་མ་ཚུགས།།

གདོང་ཚར་ཅིག་མར་བསྒོར་རྐྱབ་བལྟ་བར།།


ཤར་གྱི་ལུད་མཚོ་ཧོ་ལྟེམས་ལྟེམས།།

བསམ་གཏན་ཧོན་ཤིང་གནག་བྱེམས་བྱེམས།།

སྟོང་ལམ་དཀར་ཅུང་སྐྱ་ཏངས་ཏང།།

བྱ་བདག་རུད་ཆད་སྐྱ་ཤལ་ཤལ།།


དགོནམོ་རྣམ་རྒྱལ་བསངས་ཤིང་རྩ་བར།།

ལམ་ཕྱག་འཚལ་མཆོད་རྟེན་གཉའ་པ་ལུ།།

ངི་ཡུམ་ཆེན་ཨ་མའི་མཚམས་ཁང་མཐོང་།།

ཆོས་ཨོཾ་དང་མ་ཎི་བགྱང་ས་མཐོང་།།


ན་མི་སེར་གནས་ཡུལ་ཅན་མ་གིས།།

ཟས་ཟ་བའི་མཇུག་གི་ཡ་མེད་ན།།

ཡུམ་མངོན་ཤེས་མེད་པའི་མེད་སྟབས་ཀྱིས།།

བུ་སོང་ཞིག་ཨ་མས་གསུང་མ་ཚུགས།།


བུ་ཐོན་པའི་ཐོན་ལོང་མེད་པ་ལས།།

ཡུམ་བཞུགས་ཤིག་བུ་གིས་ཞུ་མ་ཚུགས།།

དུས་ད་རིང་དཔལ་གྱི་ཉིན་མོ་ལས།།

ཡུམ་བཞུགས་ས་རི་གིས་བཅད་བསྙོག་ཏོ།།


ཤིང་པགས་ཀོ་སྦྲགས་པའི་བང་རྔ་དང་།།

ལྕགས་ཟངས་དང་བསྲེས་པའི་ཀྲིང་ཀྲི་དང་།།

ལེའུ་ལག་པས་བཙུགས་པའི་རྒྱ་གླིང་དང་།།

ལས་སྐྱོ་མོའི་ཕྱྭ་དང་ཁུག་སྐད་ཀྱིས།།


མར་དོག་མའི་ས་ཡང་གཡོ་མཆི་ཚེ།།

བུ་འགྱོ་སའི་གསང་ལམ་མཐོང་སྟེ་གིས།།

ཡུམ་དྲན་མེད་ངང་ལུ་བརྒྱལ་སོངཔ་འོང་།།

ངི་སྲིང་མའི་སངས་རྒྱས་བཟངམོ་འདི།།


ཕྱི་བལྟ་བའི་ངོ་རིས་མ་ལེགས་རུང་།།

ནང་སེམས་ཀྱི་བཀྲབ་ལ་མཁས་ཤོས་ཨིན།།

ལགཔ་གཡས་པར་ཇ་ཐང་ཡར་ཤོན་རྐྱབས།།

ལགཔ་གཡོན་པར་ཛཱ་ཏི་ཧུམ་མར་སྦྱོར།།


ཡུམ་དྲན་མེད་ངང་ལས་ལྷོངས་སྨ་རེ།།

ཐུགས་སྟོང་པའི་སྟོང་རོགས་འབད་སྨ་རེ།།

གསོལཝ་གང་བཞེས་ཀྲིག་ཀྲི་དྲོངས་སྨ་རེ།།

བཀང་གང་གནང་ལགས་སོ་ཞུ་སྨ་རེ།།


ངི་ཡུམ་ཆེན་བསོད་ནམས་པདྨོ་གིས།།

བུ་ཆུང་ཆུང་ཨ་ལོའི་བསྒང་ལས་ར།།

དགོནམ་བླ་མའི་ཞབས་སར་སྐྱེལ་ཟེར་བར།།

བུ་ལྟོ་གཟན་རྫོང་ནང་བཏང་བཞག་སྟེ།།


དུས་ད་རིས་སྲོག་ལུ་ཐུག་ནི་ཨིནམ།།

ངི་ཡུམ་ཆེན་ཨ་མས་མ་མཁྱེན་པས།།

ཡུམ་ཚར་རེ་ཚར་རེ་དྲན་པའི་ཚེ།།

བུ་འཁྲུལ་སྣང་ཚར་རེ་ལངས་མཆི་དོ།།


རྫོང་ཀྲོང་གསར་རྫོང་ནང་ལྷོད་པའི་ཚེ།།

བྱེས་བྱོར་བའི་བྱེས་ལན་ཟེར་རུང་རང་།།

ཟས་ལྟོ་དང་སྤགས་ཀྱི་བྱེལཝ་མིན་པར།།

སྲོག་ཕར་ཚུར་བརྗེ་བའི་གཞིས་ལན་འོང་།།


འཐབ་ནི་འཐབ་ནི་ཟེར་རུང་རང་།།

འཐབ་ནི་གྱི་དང་གཏནམ་མིན་པར།།

ཆུ་དང་བྱག་ལུ་འཐབ་སྟེ་གིས།།

འཆི་བའི་སྲོག་ལུ་ཐུག་ནི་འོང་།།


བ་གླང་རྒན་ཤ་ནོར་བཙུགསནི་འདི།།

ཧོནམ་འཇིག་རྟེན་ཀུན་གྱི་དཔྱེ་སྲོལ་མས།།

དཔོན་དབང་ཆེན་ཨམ་འབྲུག་ཉི་མ་གིས།།

མི་ཤ་ནོར་བཙུགསཔ་ད་རིས་ཨིན།།


ངི་ཡུམ་ཆེན་བསོད་ནམས་པདྨོ་དང་།།

ངི་སྲིང་མའི་སངས་རྒྱས་བཟང་མོ་དང་།།

ངི་གཏན་འགྲོགས་ཕུར་ཅུང་བཟང་མོ་དང་།།

ངི་ཉེ་འཁོར་ཕྱག་ཞེའི་མེ་ཏོག་དང་།།


ངི་ཁྱིམ་མཚེས་དམ་ཚིག་ཅན་མ་ཚུ།།

ལུས་འབྱུང་བཞི་ན་ཚ་མེད་པའི་ཁར།།

སེམས་དངོས་མེད་སྡུག་བསྔལ་མེད་བཞིན་དུ།།

ལོག་མཇལ་བའི་སྨོན་ལམ་བཏབ་བཞག་གེ།


སྟེ་གལ་སྲིད་མི་ཚེ་འདི་ཁ་ལུ།།

ལོག་མཇལ་བའི་ལས་དང་སྐལཝ་མེད་རུང་།།

མཇུག་ཕྱི་མར་དག་པའི་ཞིང་ཁམས་ལུ།།

ཞལ་མཇལ་བའིསྨོན་ལམ་བཏབ་བཞག་གེ།


ཐང་བསོད་ནམས་ཐང་ལུ་ལྷོད་པའི་ཚེ།།

ཤིང་གྲིབ་བསིལ་གྱལ་བསྒོར་བརྐྱབས་བཞག་ནུག།

གདན་སྤ་རི་རི་བརྡལ་འཐིངས་བཞག་ནུག།

ཟས་གསོལ་ཇ་ཆར་ཆང་བསྒྲིགས་བཞག་ནུག།


འབྲས་རྫོགས་ནི་མེད་པའི་གཞུ་འབྲས་འདུག།

ང་གཟིམ་དཔོན་ཚེ་དབང་བཀྲིས་འདི།།

ཁོང་ཤར་གྱི་སྨན་ཆུང་བུ་མོ་གིས།།

ཚེ་གདུང་བསམ་བསྐོར་ཉམས་ཤར་མཆི་ནུག།


ལ་ཚ་ས་བོད་ལུང་ལྷོད་པའི་ཚེ།།

དགུང་ཁྲི་གདུགས་ལ་ཁར་བཅར་མཆི་ནུག།

ད་བཙར་ཅིག་བཙར་ཅིག་ལྟོ་ཚང་གིས།།

དཔོན་ཨམ་འབྲུག་ཉི་མའི་བཀའ་ཆད་འོང་།།


གྱེན་ཕག་རྡུགས་གྱེན་ལས་འབབ་སོང་པར།།

གྱེན་ཕག་རྡུགས་གྱེན་ནི་མགུ་མཇུག་མས།།

དཔོན་ཆོས་རྗེ་དུང་དཀར་རྒྱལ་མཚན་གྱིས།།

གཏམ་གྱོས་བསྐོར་མགུ་མཇུག་མ་སོང་གམ།།


ཤར་རཱ་ཛ་འོག་གི་མཆོད་རྟེན་འདི།།

ཧོནམ་སངས་རྒྱས་སྟོང་གིས་བཞེངས་བཞེངསམ་མས།།

ལོག་ཚུགས་པའི་སྨོན་ལམ་བཏབ་སྟེ་གིས།།

ད་བསྐོར་ར་ལན་གསུམ་རྐྱབས་ཏ་སྨོ།།


རྐྱེན་བར་ཆད་ག་ར་འདི་གིས་སེལ།།

མཇུག་ཕྱི་མའི་ལམ་ཡང་འདི་རང་བཟང་།།

ལོག་ཚུགས་པར་འདི་ཡི་བཀྲིན་སྒོམས།།

ལོག་མ་ཚུགས་རང་སའི་ལས་ར་ཨིན།།


ངི་ལྟོ་ཚང་དར་དཀར་གཟིམ་དཔོན་སྨོ།།

ད་དཀར་རི་གནག་གིས་བཅད་མཆི་ནུག།

མེ་ཉི་མར་བལྟ་སྟེ་འགྱོ་རན་ནུག།

ཆུ་ཟམ་པར་བལྟ་སྟེ་བརྒལ་རན་ནུག།


ད་ཧ་རུང་དགུང་ཞག་ཆུ་འཁོར་ཉེགས།།

ད་འཕྱིས་རུང་དགུང་ཞག་ཆུ་འཁོར་ཉེགས།།

ད་ངལ་རུང་དགུང་ཞག་ཆུ་འཁོར་ཉེགས།།

ད་ཆད་རུང་དགུང་ཞག་ཆུ་འཁོར་ཉེགས།།


ཐང་ཟམ་གདོང་ཐང་ན་ལྷོད་པའི་ཚེ།།

ངི་ལྟོ་ཚང་དར་དཀར་གཟིམ་དཔོན་གྱིས།།

ང་དབང་ཆེན་སྐུ་ངལ་གནང་དགོ་ལོ།།

ཁོང་ལྟོ་ཚང་དམང་ཡང་བཞུགས་ཤིག་ལོ།།


གླང་བ་མེན་རྭ་ཅུང་ནང་ན་ལས།།

ཆང་གསུམ་ཆང་ཁག་མའི་བདུད་རྩི་འདི།།

ཕུད་ལྷ་དང་བླ་མར་ཕུལ་ཞིན་ལས།།

ཆབ་རྡོ་རྡོ་བཞེས་ཤིག་ལྟོ་ཚང་གིས།།


མེ་བསྟེག་པར་སྦ་ཚལ་སར་མེད་པར།།

ལམ་སྟོང་ལམ་དཀར་ཅུང་མ་མཐོང་རུང་།།

ལུས་ཕར་གཡོ་ཚུར་གཡོ་རྐྱབ་སྟེ་གིས།།

ཞག་རི་དྭགས་ཐང་ན་འགྱོཝ་ར་འཚམས།།


ད་བཞེངས་ཤིག་བཞེངས་ཤིག་ལྟོ་ཚང་གིས།།

གྱེན་རི་དྭགས་གྱེན་ལུ་བཤེད་དགོ་པས།།

གྱེན་རི་དྭགས་གྱེན་ལས་འཛེགས་ཏེ་གིས།།

གནས་རི་དྭགས་གཡུས་ཁར་ལྷོད་པའི་ཚེ།།


དཔོན་རབ་གསལ་འོག་ལས་བྱོན་རུང་ར།།

ཁོང་རི་དྭགས་བཟང་མོའི་སྨན་ཆུང་གིས།།

གྲོགས་ཇ་དང་ཆང་གིས་སྐྱ་མ་རྒྱས།།

གཏམ་ཚིག་མ་ཕྱེད་ཡང་སླབ་མི་མེད།།


ཐང་ཆུ་འཁོར་ཉེགས་ལུ་ལྷོད་དེ་འབད།།

ཇ་བཞེས་ཆ་གང་རང་བཞེས་ལོང་མེདཔ།།

སྐུ་འོ་བརྒྱལ་ཆེ་བའི་ཆེ་སྟབས་ཀྱིས།།

ཉལཝ་གཉིད་ཀྱི་ལྷནམ་བཏབ་མཆི་ནུག།


༼ཉིནམ་བཞི་པ༽


ད་ཏོང་ཏོ་བྱ་པའི་སྐད་གོ་དོ།།

སྐུ་བཞེངས་ཤིག་བཞེངས་ཤིག་ལྟོ་ཚང་གིས།།

མདང་ཉལ་བའི་གཉིད་ཀྱི་ལྷན་པའི་ནང་།།

ངས་རྨི་ལམ་མི་མཐོང་དགུ་མཐོང་མཐོང་།།


དགུ་གཉིས་བསྡོམས་ཏེ་བཅོ་བརྒྱད་མཐོང་།།

བསྡོམས་བཅོ་བརྒྱད་རང་སྟི་གན་མཐོང་པར།།

མཐོངམ་ལན་གྱངས་མང་བའི་ལོ་རྒྱུས་ཨིན།།

ཕྱི་ཤ་གཟུགས་ཐང་མར་བརྡལཝ་མཐོང་།།


ནང་ཁྲག་ཕུད་གནམ་ལུ་གཏོར་བ་མཐོང་།།

ཤར་ཁྲི་གདུགས་ནུབ་ལུ་འཛུལཝ་མཐོང་།།

ནུབ་ཞོ་ཤས་གཟའ་གིས་ཟིན་པ་མཐོང་།།

དབུས་སྐར་ཚོགས་དགུང་ལུ་ཡལཝ་མཐོང་།།


ཤིང་མེ་ཏོག་སེད་ཀྱིས་བཅོམཔ་མཐོང་།།

ངས་རྨི་ལམ་དེ་སྦེ་མཐོང་རུང་ར།།

འདི་དངོས་བཅས་མིན་པར་དངོས་མེད་མས།།

ཐུགས་རྣམ་རྟོག་དགུང་ལུ་ལངས་མི་དགོ།


ཤར་ཀུན་བཟང་གླིང་གི་རྡོ་རྗེ་འདི།།

ལོག་དཀར་པའི་རྫོང་ལུ་གཏང་དགོ་པས།།

ལོག་དཔལ་ལ་བརྒལ་ཏེ་མ་ལྷོད་ཚུན།།

ལྷ་གསོལ་མཆོད་ཕྲིན་ལས་མཛད་ཟེར་ཞུ།།


ད་དཔལ་ལའི་སྐེ་ལུ་བཤེད་སོང་གེ།

ལ་དཔལ་ལའི་སྐེ་ལུ་བཤེད་སོང་པར།།

ལ་དཔལ་ལ་མིག་མཐོང་དགུ་ཟེརཝ་མས།།

དེ་ཟེར་རང་ཟེར་རུང་བདེན་པ་འདུག།


ལ་རྫོགས་པའི་རྫོགས་ལུགས་ཟེརཝ་མིན་འདུག།

ལ་དཔལ་ལ་མིག་མཐོང་དགུམ་མིན་པར།།

རང་ཚེ་དབང་བཀྲིས་འཁྲུངས་པའི་གཡུལ།།

ཤར་ཕྱུངས་སའི་དགུང་ལམ་ཨིན་པས་ཆོགམ།།


ལ་དཔལ་ལ་ལ་མོའི་ལ་རྩེ་ལས།།

དགོནམ་རྟ་ལོག་དགོནམ་ཡང་ཕྲང་ཕྲང་མས།།

བླམ་དུས་གསུམ་སངྱས་སྤྲུལ་པའི་སྐུ།།

དཔལ་ངག་དབང་རྣམ་རྒྱལ་མཁྱེན་སྨ་རེ།།


ཐང་ཀློང་སྟོད་ཀློང་སྨད་ཐང་ཆེན་འདི།།

དངཔོ་སྔོན་ཐོག་སྔོན་མའི་དུས་སྐབས་ལུ།།

བླམ་པད་གླིང་བྱོན་པའི་ལམ་ཨིན་པས།།

ད་དབང་ཆེན་རང་ཡང་འབྱོན་དགོ་པས།།


ས་ནི་ལས་མར་མར་འགྱོ་བའི་ཚེ།།

གཡུས་རུ་ཁུ་སྦྱིས་ཀྱི་ལྟེ་བར་ལྷོད།།

མགུར་ལྟོ་རས་དཀྱི་ཚེ་སྨནམོ་འདྲ་བས།།

རྒྱབ་ལྤགས་ཀོ་བཀབ་ཚེ་འདྲེ་འདྲ་བས།།


ལྷ་སྨནམོ་དང་འདྲེ་ཡི་གཡུལ་ཁ་ལུ།།

སྐྱེསཔ་ནོར་འདོད་ཅན་གྱིས་སྡོདན་སྡོད།།

ཟབམོ་བུ་འདོད་ཅན་གྱིས་ཆགསན་ཆགས།།

དཔོན་འཁྲུལ་སྣང་ཅན་མས་མི་ཆགས་པས།།


ཁྱེད་རྒྱུས་ཅན་རྒྱུས་ཀྱིས་སྡོད་སྨ་རེ།།

ང་རྒྱུས་མེད་འཁོར་བར་འཁྱམས་མ་བཅུག།

ད་བཙར་ཅིག་བཙར་ཅིག་ལྟོ་ཚང་གིས།།

སྐུ་དགུང་ཞག་སྤྱན་ལྡན་སྦྱིས་ལུ་ཨིན།།


ས་རང་མིན་རོགས་ཀྱི་གཡུལ་ཁར་མས།།

དམག་གདོང་སྡེ་ལྷག་སྟེ་མ་སོང་པར།།

དམག་རྒྱབ་སྡེ་རྟིང་ཤུལ་མ་སྡོད་པར།།

རིགཔ་རང་སས་བསྒྱིམས་ཏེ་འགྱོ་སྨ་རེ།།


རྫོང་ཆོས་འཁོར་རབ་རྩེ་ལྷོདཔ་ད་ལུ།།

དཔོན་ཨམ་འབྲུག་ཉི་མའི་དམག་ཨིན་ཟེར།།

བགེགས་དོག་ས་ཤི་རེས་རྐྱབ་མ་ནུམ།།

ལུས་དགྲ་ཆས་བཏགས་ཏེ་དོན་གོ་ཆུང་།།


གཡུལ་སྤྱན་ལྡན་སྦྱིས་ལུ་ལྷོད་པའི་ཚེ།།

ཁོང་སྤྱན་སྦྱིསཔ་དམང་དང་སྤྱི་དཔོན་གྱིས།།

ཆུ་རྫོང་མཇུག་ཟམ་ལས་ཁྱེད་མི་མཐར།།

ལ་ཤིང་སྔོན་ལ་ལས་བསྐོར་དགོ་ལོ།།


༼ཉིནམ་ལྔ་པ༽


གནམ་དྲོ་པ་ནམ་དགུང་ནམསམ་ད་ལུ།།

གཏམ་གྱོས་བསྐོར་ཕར་བསྡུར་ཚུར་བསྡུར་རྐྱབ།།

ཁོང་ལ་ལས་སླབ་ཚེ་ཡར་ལས་ལོ།།

ཁོང་ལ་ལས་སླབ་ཚེ་མར་ལས་ལོ།།


གཏམ་དེ་སྦེ་ཕརབཤད་ཚུར་བཤད་བར།།

གནས་སྤྱན་ལྡན་མཆོད་རྟེན་རྩ་བར་ལྷོད།།

གནས་སྤྱན་ལྡན་སྦྱིས་ཀྱི་མཆོད་རྟེན་འདི།།

དངཔོ་སྔོན་ཐོག་སྔོན་མའི་དུས་སྐབས་ལུ།།


བླམ་དབོན་སྲས་ཚེ་རིང་དབང་ཕྱུག་གིས།།

རྟེན་བྱ་རུང་ཁ་ཤོར་དཔྱེ་བླངས་ཏེ།།

སྤྱིར་སངྱས་བསྟན་པ་རྒྱས་ནི་དང་།།

སྒོས་དམག་འཁྲུག་མུ་གེ་ཞི་ཐབས་ལུ།།


ཐུགས་བསམ་རྒྱ་ཆེ་སྟེ་བཞེངས་བཞེངསམ་མས།།

ལུས་གུས་པའི་གུས་ཕྱག་ལན་གསུམ་ཕུལ།།

ངག་གུས་པའི་གསོལ་འདེབས་ལན་གསུམ་བཏང་།།

ཡིད་གུས་པའི་སྨོན་ལམ་ལན་གསུམ་བཏབ།།


མཇུག་མོས་པའི་བསྐོར་ར་ལན་གསུམ་བརྐྱབས།།

རྟེན་གནས་འབྲེལ་བྱིན་རླབས་ཞུ་སྟེ་གིས།།

ལམ་ཉ་ལ་ལུང་མའི་ལུང་ཐང་གཤགས།།

ས་བཀྲིས་གླིང་ལུ་དགུང་ཇ་བཞེས།།


བྱག་ཐུར་རྨང་བྱག་ལུ་ལྷོད་ལྟ་ཚེ།།

རྫོང་ཀྲོང་གསར་རྫོང་ནི་ཕྲང་ཕྲང་མས།།

དཀརཔོ་ཆོས་རྩེ་རྫོང་གི་ཆགས་ལུགས་གཅིག།

ཆུ་མང་སྡེ་ཆུ་མོའི་སྐྱོ་སྐད་གཉིས།།


བྱག་ཐུར་རྨང་བྱག་གི་གཟར་ལུགས་གསུམ།།

ཡར་མཚན་ལྡན་བླ་མས་བཞུགསན་བཞུགས།།

རོགས་དབང་ཆེན་དཔོན་གྱིས་ཆགསན་ཆགས།།

རང་ལས་དབང་ཅན་མས་མི་ཆགས་པས།།


ཆུ་མང་སྡེ་ཟམ་པར་ལྷོད་ལྟ་ཚེ།།

བོད་སྲུང་རྒྱབ་གྱངས་དང་ཚད་མིན་འདུག།

སྤང་གླང་འབྱོག་སྤང་ལས་འཛེགས་ཏེ་གིས།།

ཡར་ནུབ་པའི་ཟམ་ལས་བསྐོར་དགོ་པས།།


ཆེཝ་དཔོན་གྱི་བདག་རྐྱེན་བཞེས་དགོ་པར།།

ལུས་འཇམ་འཇམ་དར་ལས་མེད་རུང་ར།།

སེམས་ངར་རུས་ལྕགས་དེ་བསྐྱེད་དེ་གིས།།

ད་ཡར་ལས་བསྐོར་ཞིག་ལྟོ་ཚང་གིས།།


རོགས་སྤྱན་སྦྱིསཔ་དམང་གི་ཁར་ཉན་ཏེ།།

ལ་ཤིང་སྔོན་ལ་ལས་མ་བསྐོར་བར།།

ཐག་རང་ཐག་བཅད་པའི་ལ་ཡོག་དེ།།

མི་གཞན་ལུ་འཁོར་ས་ག་ཏེ་ཡོདཔ།།


དགུང་ནམ་ཕྱེད་ཡར་ཡོལ་ཚུར་ཡོལ་ལུ།།

ཟམ་ནུབ་པའི་ཟམ་ལས་བསྐོར་ཏེ་འབད།།

གནས་ཨ་ཧོ་མཎི་རྩ་བ་ལུ།།

དགུང་ཞག་དང་སྐུ་ངལ་འབྲེལམ་རང་ཨིན།།


༼ཉིནམ་དྲུག་པ༽


ལ་འོད་སྟོང་ལ་མོའི་ལ་རྩེ་ལས།།

དཔལ་ཁྲི་གདུགས་ཉི་མའི་ཞལ་མཇལ་ཚེ།།

རང་ནུབ་ཕྱོགས་སྡེ་པའི་སྒར་ལྟོ་ཚུ།།

གནས་ལྕང་མའི་ཉེགས་ལུ་ལྷོད་ལྟ་ཚེ།།


ཡར་ལྟག་རྫོང་ནོར་བུའི་གླིང་ག་ནང་།།

དཔོན་ཆོས་རྗེ་དུང་དཀར་རྒྱལ་མཚན་གྱིས།།

ཕྱི་རྫོང་ཆེན་ཁྲ་མོ་ཤོར་སོང་རུང་།།

ནང་ནོར་བུའི་ལྟག་རྫོང་མ་ཤོར་བས།།


ཁོང་ལྷོ་ཕྱོགས་སྡེ་པའི་སྒར་ལྟོ་ཚུ།།

གཡུལ་ཡུལ་གླིང་བླ་འོག་གཞོངས་གཉིས་ལས་འབད།།

ཁོང་ཤར་ཕྱོགས་སྡེ་པའི་སྒར་ལྟོ་ཚུ།།

གནས་ལྕང་མའི་ཉེགས་ཀྱི་འོག་ལས་འབད།།


རྫས་མེ་མདའ་དཔག་དུངམ་བསྐུལ་ཏེ་གིས།།

ཁ་ཕྱྭ་དང་ཁུག་སྐད་རྐྱབ་སྟེ་གིས།།

ལགཔ་རལ་གྲི་གནམ་ལུ་འཕྱར་ཏེ་གིས།།

གནས་ལྕང་མའི་ཉེགས་ལུ་ཕྱད་མཆི་ཡི།།


ཁྱོད་ཤར་ཕྱོགས་སྡེ་པའི་སྒར་ལྟོ་དང་།།

ན་ལྷོ་ཕྱོགས་སྡེ་པའི་སྒར་ལྟོ་གཉིས།།

ད་སྐུ་ངལ་གནང་ཞིག་སྐུ་ངལ་གནང་།།

ང་ནུབ་ཕྱོགས་སྡེ་པའི་སྒར་པར་ཉན།།


མི་ང་ངོ་ཁྱེད་ཀྱིས་མི་ཤེས་ག།

མི་ང་ངོ་ཁྱེད་ཀྱིས་མི་ཤེས་ཟེརན།།

ཨམ་ཀ་གཞི་བཟང་མོའི་གཟེཔ་ཆེ་ཨིན།།

དཔོན་ཨམ་འབྲུག་ཉི་མའི་གཟིམ་དཔོན་ཨིན།།


མི་ང་ཡི་གཟུགས་བཤད་རྐྱབ་མི་དགོ།

མི་ང་ཡི་གཟུགས་བཤད་རྐྱབ་དགོ་ཟེརན།།

ངི་ཁོག་སྟོད་སེངྒེ་འགྱིངསམ་དང་འདྲ།།

སེང་ཡར་འཕགས་བདེ་ཁྱད་ག་དེ་སྨོ།།


ངི་ཁོག་སྨད་གྱོང་གྱོང་རྨ་བྱ་འདྲ།།

བྱ་རྨ་བྱ་ལེགས་པའི་དཔྱེ་རང་མས།།

ལུས་རིན་ཆེན་ལྕགས་ཀྱི་དམག་ཁྲབ་གྱོན།།

བར་སྐེ་རགས་དར་མཛོད་སྣེ་ལྔ་བཅིངས།།


མི་ང་ཡི་གྱི་བཤད་རྐྱབ་མི་དགོ།

མི་ང་ཡི་གྱི་བཤད་རྐྱབ་དགོ་ཟེརན།།

གྱི་གནམ་ལྕགས་རྡོ་རྗེ་ཕ་ལམ་འདི།།

དཔོན་ཨམ་འབྲུག་ཉི་མའི་ཕྱག་ཤོན་ཨིན།།


ངི་གྱི་ཡི་ཁ་ཟེར་མཐོང་པའི་ཚེ།།

གྱིའི་ཁ་ཟེར་གངས་ལས་ཉི་ཤར་འདྲ།།

ངི་གྱི་ཡི་མགོ་འབུར་མཐོང་པའི་ཚེ།།

གྱིའི་མགོ་འབུར་རྡོ་རྗེ་རྒྱ་འགྲམ་འདྲ།།


ངི་གྱི་ཡི་གྱི་ཤུབས་མཐོང་པའི་ཚེ།།

ཤུབས་སྦལ་ལྤགས་ཧ་ལོའི་མེ་ཏོག་འདྲ།།

གྱི་འཕྱར་འཕྱར་གནམ་ལུ་འཕྱར་བའི་ཚེ།།

ལྷ་ཚངས་པ་བརྒྱ་བྱིན་ཐུགས་མཉེསཔ་ཨིན།།


གྱི་ཐུག་ཐུག་ས་ལུ་ཐུག་པའི་ཚེ།།

ཀླུ་གཙུག་ན་རིན་ཆེན་ཐུགས་མཉེསཔ་ཨིན།།

གྱི་བར་ན་ཁམས་ལུ་གཡུག་པའི་ཚེ།།

བར་ལྷ་སྲིན་སྡེ་བརྒྱད་ཐུགས་མཉེསཔ་ཨིན།།


ལྷ་ཚངས་པ་བརྒྱ་བྱིན་ཐུགས་མཉེས་རུང་།།

ཡར་ནམ་མཁའི་མཐོངས་ལུ་འཕྱར་ནི་མིན།།

ཀླུ་གཙུག་ན་རིན་ཆེན་ཐུགས་མཉེས་རུང་།།

མར་ཐུག་ཐུག་ས་ལུ་ཐུག་ནི་མིན།།


བར་ལྷ་སྲིན་སྡེ་བརྒྱད་ཐུགས་མཉེས་རུང་།།

བར་ནམ་མཁར་སྟོང་མར་གཡུག་ནི་མིན།།

མི་སྡང་མའི་དགྲ་སྦེ་ལངས་མི་གི།

སྐེ་གཡུང་རྡོག་བྱེགསཔ་འདེ་བྱེགས་ནི་ཨིན།།


གཏམ་དེ་སྦེ་ཕར་སླབ་ཚུར་སླབ་བར།།

ངི་ལྟོ་ཚང་དར་དཀར་གཟིམ་དཔོན་འདི།།

ཁོང་ཤར་ཕྱོགས་སྡེ་པའི་སྒར་པ་གིས།།

ཤ་ཁྲག་ངོ་དམར་ངོ་བཟོ་ཚར་ནུག།


ལམ་གདོང་གསུམ་གདོང་ལུ་བལྟ་སོང་པར།།

ལམ་གདོང་གསུམ་གདོང་ནི་དམག་གིས་གང་།།

ལམ་རྒྱབ་གསུམ་རྒྱབ་ལུ་བལྟ་སོང་པར།།

ལམ་རྒྱབ་གསུམ་རྒྱབ་ནི་རོ་གིས་གང་།།


ད་དམག་དང་རོ་ཡི་བར་ན་ལུ།།

རོགས་ལྕང་ལྕང་ཆུ་མས་རྒྱུག་ན་རྒྱུག།

གཞན་སྐྱི་བསེར་རླུང་མས་མཐར་ན་མཐར།།

རང་དབང་ཆེན་སྡོད་པའི་གནས་མིན་འདུག།


ཁྱེད་ཤར་ཕྱོགས་སྡེ་པའི་གར་ལྟོ་དང་།།

ན་ལྷོ་ཕྱོགས་སྡེ་པའི་སྒར་ལྟོ་གཉིས།།

ཐུགས་ཞི་བའི་ངང་ལས་འབད་དེ་གིས།།

ད་སྐུ་ངལ་གནང་ཞིག་སྐུ་ངལ་གནང་།།


ཤིན་ཤི་བའི་སྨོན་ལམ་བཏབ་ད་གེ།

གསོནན་གསོན་པའི་ཁ་ཆེམས་བཞག་ད་གེ།

བོད་ལྷ་ས་ཇོ་བོའི་ཞལ་གསེར་འདི།།

དཔོན་དབང་ཆེན་རང་ལས་ཕུལ་ནི་མེད།།


འབན་དངུལ་ཤན་བློ་ལས་བཏོག་སྟེ་གིས།།

ཡར་ཇོ་བོའི་སྲོག་ཞུ་རྡུངས་སྨ་རེ།།

ཁྱེད་ཤར་ལྷོ་གཉིས་ཀྱི་བར་ན་ལུ།།

དཔོན་དབང་ཆེན་ང་གིས་ཤི་མི་ཚུགས།།


གནམ་བར་སྣང་ཧོན་མོའི་མཐོངས་དཀྱིལ་ལས།།

བྱ་ཕྱ་རྒོད་འཕུར་དོ་འདེ་འཕུར་ཏེ།།

སྲོག་རྣམ་ཤེས་རླུང་དཀྱིལ་བྱ་སྒྲོ་འདི།།

ཡར་བར་སྣང་ཁམས་ལས་ཆོད་བསྙོག་གེ།


རྫོང་ཆོས་འཁོར་རབ་རྩེ་སྦུག་ལས་གཤགས།།

སྒོ་ནུབ་པའི་སྒོ་ར་ཁ་ལས་ཐོན།།

རྟེན་རྫོང་མཇུག་མཆོད་རྟེན་རྒྱབ་ཁར་བསྐྱུར།།

ཟམ་རྫོང་མཇུག་ཟམ་ལས་ཐོན་སོང་རུང་།།


ཁོང་ཤར་ཕྱོགས་སྡེ་པའི་སྒར་པ་གིས།།

ཤཝ་ཤ་ཁྱི་བདའ་བའི་དཔྱེ་བཟུམ་སྦེ།།

ལམ་ཆུ་བྱག་བར་ན་ལྟེབ་ཏེ་གིས།།

རང་དབང་ཆེན་སྲོག་དང་འཕྱལ་བར་མས།།


ད་དངོས་བཅས་ཤ་ཁྲག་ཕུངམོ་འདི།།

བྱག་ཐུར་རྨང་བྱག་གི་གཤམ་མ་ལུ།།

ཕྱི་ཤ་གཟུགས་ཐང་མར་བརྡལ་གྱུར་ཅིག།

ནང་ཁྲག་ཕུད་གནམ་ལུ་གཏོར་གྱུར་ཅིག།


སྐྱབས་བླམ་དང་དཀོན་མཆོག་གསུམ་རང་མཁྱེན།།

མཇུག་ཕྱི་མར་རང་གི་དགའ་བའི་གཡུས།།

ཨམ་ཀ་གཞི་བཟང་མའི་གདང་ར་ནང་།།

ལོག་འཕྲལ་དང་འཕྲལ་རང་སྐྱེ་གྱུར་ཅིག། །།


^^མགུ་ལུ་འགྱོ།^^

5 responses

  1. སློབ་རབ་རྒྱས་ཀྱིས་ ང་བཅས་རའི་འབྲུག་གི་རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་དར་ཁྱབ་བཏང་ནིའི་ལྷན་ཐབས་ཀྱི་ཕྱག་ལཱ་ འདི་བཟུམ་མཛད་གནང་མི་འདི་ལུ་ ངེའི་ཁ་ཐུག་ལས་ཧིང་དངས་མའི་དཀྱིལ་ལས་རང་ ངལ་རངས་དང་བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཞུ་ནི་ཨིན།

  2. དམ་ཆོས་ཡིད་བཞིན་ནོར་བུ | Reply

    བླེ་ཐེ་འདི་ང་དགའ་ཤོས་ཅིག་ཨིན།

  3. ང་བཅས་རའི་རྒྱལ་ཁབ་འདི་ རོགས་གཞན་གྱི་འོག་ལུ་མ་ཚུད་པར་ སྒྲིང་སྒྲིང་དང་རང་དབང་རང་བཙན་འབད་བཞག་དགོ་པ་ཅིན་ ནཱ་གི་མཛད་རྣམས་འདི་ཡང་ ག་ནི་བས་ཁག་ཆེ་བས་ལགས།

  4. སྤུས་ཙ་འདུག།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s