བློ་ཟེ།


གཉེན་གླུ༽


༡༽དར་གྱི་མཛོད་ཅིག་དར་གྱི་མཛོད།། རྒྱ་ནག་རྒྱལ་པོ་དར་གྱི་མཛོད།།

དར་གོས་སྟོང་རིལ་ང་མི་ཞུ།། བཀྲིས་ཁ་དར་ང་ཞུ་གེ།།

ནོར་གྱི་མཛོད་ཅིག་ནོར་གྱི་མཛོད།། སྟག་གཟིག་རྒྱལ་པོ་ནོར་གྱི་མཛོད།།

ནོར་མང་པོའི་བྱེ་བྲག་ང་མི་ཞུ།། དུང་དཀར་གཡས་འཁྱིལ་ང་ཞུ་གེ།།

གླུ་གི་མཛོད་ཅིག་གླུ་གི་མཛོད།། ཤར་པད་སྐོར་ཅན་མ་གླུ་གི་མཛོད།།

གླུ་གར་གཞས་ཀྱི་སྒོ་མ་ང་མི་ཞུ།། བློ་ཟེ་ཚིག་གསུམ་ང་ཞུ་གེ།།

༢༽ གངས་རི་ལུ་སྐྱེས་པའི་ལྷ་ཤིང་ང་།། མ་སྐྱེས་གནམ་བསྐོས་གངས་ལུ་བཀོད།།

རྩེམོ་འདབ་མ་བ་མོས་བཅག་ད་ཡི།། རྩཝ་ར་བ་གཉིས་ཀུ་ཁྱེགས་ཀྱིས་བསྡམས།།

དགུང་ཁྲི་གདུགས་ཤར་རུང་བཞུ་མ་ཚུགས།། དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག།

ངེ་མགུ་ལུ་ཡོད་པའི་དྲེགས་པ་འདི།། ཆུ་ཀུ་ཅུང་གང་གིས་དག་ཚུགས་པ།།

ནང་ཁོག་པའི་ཧིང་གི་འཁྲུལ་སྣང་འདི།། དགའཝ་གདོང་བསྐོར་རྐྱབ་རུང་བསང་མ་ཚུགས།།


༣༽ ས་བོད་ཀྱི་ཁྲུང་ཁྲུང་དཀརམོ།། ཁོང་ཕར་བཤལ་ཚུར་བཤལ་འབད་མི་འདི།།

གནས་དགའ་བ་བལྟ་སྟེ་འབད་ཡི།། དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག།

ང་གཡུས་ཀྱི་ཚོ་མ་སྒརཔ་འདི།། དུས་ད་རིས་ནཱ་ལུ་འོང་མི་འདི།།

ཁྱེད་གཡུས་ཀྱི་མཉམ་རོགས་གཞོནམ་ལས།། དགའན་དགའ་བའི་ཧིང་གཏམ་ཚིག་གསུམ་དང་།།

སྐྱོན་སྐྱོ་བའི་སྐྱོ་གླུ་ཚིག་གསུམ་འདི།། དུས་ད་རིས་ནཱ་ལས་ཉན་པ་ཨིན།།

ཁྱེད་གཡུས་ཀྱི་མཉམ་རོགས་གཞོནམ་གིས།། དགའན་དགའ་བའི་ཧིང་གཏམ་ཚིག་གསུམ་དང་།།

སྐྱོན་སྐྱོ་བའི་སྐྱོ་གླུ་ཚིག་གསུམ་འདི།། དུས་ད་རིས་ནཱ་ལས་གསུང་གནང་སྨེ།།


༤༽ བྲག་ཤལ་དཀར་བྲག་གི་བྱིའུ་ཅུང་ང་།། བྲག་ཤལ་དཀར་བྲག་ལས་མར་བལྟ་ཚེ།།

མར་རྒྱ་ནག་པདྨའི་ཐང་ན།། ཟས་ཞིམ་པའི་ཤིང་འབྲས་ཚོགས་ནུག་ལོ།།

བྱ་ཆགས་སའི་ལྗོན་ཤིང་སྐྱེས་ནུག་ལོ།། སེམས་དགའ་བའི་སེར་སྦྱངམ་འཛོམས་ནུག་ལོ།།

མར་རྒྱ་ནག་ཐང་ལུ་འགྱོ་དགོ་པས།། མར་རྒྱ་ནག་ཐང་ལུ་ལྷོད་བལྟ་ཚེ།།

ཟས་ཞིམ་པའི་ཤིང་འབྲས་ས་ཁར་བུད།། བྱ་ཆགས་སའི་ལྗོན་ཤིང་ར་ལས་བོག།

སེམས་དགའ་བའི་སེར་སྦྱངམ་རང་སར་སྐྱིད།། ལོག་སི་ལི་བྲག་ལུ་ལོག་དགོ་པས།།

ལོག་སི་ལི་བྲག་ལུ་ལྷོད་བལྟ་ཚེ།། ཟསམ་ཟ་སའི་སྤང་ཅུང་ཁྱེགས་ཀྱིས་བསྡམས།།

ཆུ་འཐུང་སའི་ཨོམ་ཆུ་རུད་ཀྱིས་འབག། ཁྱོད་ལྷོ་ཡི་ཁུ་བྱུག་སྔོནམ་གིས།།

བྱ་ང་གི་འཁྲུལ་རོགས་འབད་གནང་སྨེ།།


༥༽ ཤིང་ནགས་ཀྱི་ཙནྡན་སྡོང་པོ་འདི།། བསྟན་ལྷ་གིས་སླབ་ཚེ་ལྷ་བང་ལོ།།

བསྟན་ལྷ་ཡང་མི་བང་ཞུ་ནི་མེད།། རྩེམོ་པད་བཅག་གནམ་ལུ་སྟོན་དགོ་པས།།

འོག་ཀླུ་གིས་སླབ་ཚེ་ཀླུ་བང་ལོ།། འོག་ཀླུ་ཡང་མི་བང་ཞུ་ནི་མེད།།

རྩཝ་ར་ཏོག་ཀླུ་ལས་སྐྱེས་དགོ་པས།། བར་བཙན་གྱིས་སླབ་ཚེ་བཙན་བང་ལོ།།

བར་བཙན་ཡང་མི་བང་ཞུ་ནི་མེད།། རང་གཞལ་ལག་བར་ལུ་སྟོན་དགོ་པས།།

དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག། ཕར་གཡུས་ཀྱི་སྨོན་ཆུང་བུམོ་འདི།།

ཡུམ་ཨ་མ་སླབ་ཚེ་ཨམ་བང་ལོ།། ཡུམ་ཨམ་ཡང་མི་བང་ཞུ་ནི་མེད།།

རང་ཟླཝ་དགུ་ཕོཝ་ནང་འབག་དགོ་པས།། ཡབ་ཨ་པ་སླབ་ཚེ་ཨཔ་བང་ལོ།།

ཡབ་ཨཔ་ཡང་མི་བང་ཞུ་ནི་མེད།། ཆུང་རྐང་ཐང་ཨ་པ་དྲང་དགོ་པས།།

རོགས་རྨགཔ་གིས་སླབ་ཚེ་རྨགཔ་ལང་ལོ།། རོགས་རྨགཔ་ཡང་མི་བང་ཞུ་ནི་མེད།།

མཇུག་ཧང་ཤིང་གཅིག་གུ་སྦྲགས་དགོ་པས།།


དགྲ་གླུ༽


༡༽ ངེ་བློ་ཟེ་ཀེ་ཅུང་ཁ་མ་ཕྱེ།། ངེ་བློ་ཟེ་ཀེ་ཅུང་ཁ་ཕྱེན།།

བློ་ཟེ་ཨན་ཟུར་མཱན་ཟུར་ཡོད།། སྤང་གི་རྡོ་ལེབ་ཁ་མ་ལྷོག།

སྤང་གི་རྡོ་ལེབ་ཁ་ལྷོགན།། གྱོག་མ་ཨ་ས་མ་ས་ཡོད།།

ཤིང་སྦོམ་པའི་ལོགས་ལུ་གྱི་མ་རྐྱབས།། ཤིང་སྦོམ་པའི་ལོགས་ལུ་གྱི་རྐྱབན།།

བབ་ཤམ་ཤན་ཐག་ན་ར་ནུ་རུ་ཡོད།།


༢༽ ཡར་གངས་ཁ་མེད་པའི་ཆརཔ་གིས།། བགོ་ཕྱི་ནང་མེད་པ་སྦང་ཚར་ཡི།།

ངེ་དགའ་དགོ་མེད་པའི་ཕྱེན་གྱིས།། ཁྱེད་ཧ་པ་ར་ཅིག་ང་བཅག་གེ་སྨེ།


༣༽ པད་དཀར་སེར་གྱི་མེ་ཏོག། བལྟ་ཚེ་འཇོན་དྲག་ཆེ་བས།།

དྲི་མ་སྤང་ལུ་གཡབ་ཚེ།། པར་གང་ཡང་མིན་འདུག།


༤༽ ཝང་སི་སི་ཕྱུག་མའི་སྒོ་ཁ།། རྒྱ་ཚ་སྨིན་དྲུག་རྡོ་རྗེ།།

མགུ་གསིག་ཚར་རེ་རྐྱབ་ཚེ།། དཔག་ཐག་དགུ་དགུ་བཏོག་བི།།

བགོམ་ཐེངས་ཚར་རོ་སྤོ་ཚེ།། རྡོ་གཅལ་བཞི་ཀར་རྐྱབ་བི།།

ཨ་ཕོག་ཚར་རེ་བཏང་ཚེ།། ལུད་ཁུར་དགུ་དགུ་འབྱོ་ཡི།།

མགུ་ཕུ་ཚར་རེ་རྐྱབ་ཚེ།། རྒྱ་ཚ་དགུ་དགུ་འཐུ་བཀོག་ཡི་སྨེ།།


༥༽ རྒྱ་རྡོ་རྗེ་གདན་གྱི་ཀ་ཀུ་རུ།། སོན་བཙུགས་པ་ཀ་ལི་ཕུག་ལུ་བཙུགས།།

ཤན་ཐག་རྡོ་ཅུ་ལ་ལུ་བསྣར།། མེ་ཏོག་པརམ་ཐང་ཁ་ཤར།།

རྡོག་མ་བཏགས་སི་རྫོང་ལུ་བཏགས།། བཞེསན་ཨ་རྒས་སྡེ་པ་བཞེས།།

མི་གཞན་དང་གཞན་གྱིས་བཞེས་ས་མེད་སྨ་རེ།།


༦༽ ཝང་སི་སི་རྒྱལ་མོའི་ཐང་ཁ།། མདའ་ཅིག་རྐྱབ་ཡང་མི་རྐྱབ།།

རྐྱབ་རུང་བཀག་རེ་རྐྱབ་ནི།། རོགས་འདྲི་མི་རནམ་གཉིསམ་འཐོན་རུང་།།

རང་ཡང་སླབ་ངོ་འདི་བདེ་བས།། རོགས་ཡང་ཉན་ངོ་འདི་བདེ་བས་མེན་ན?


༧༽ སྒང་གཅིག་སྒང་གཉིས་སྒང་དང་གསུམ།། སྒང་འདི་ཚུ་བརྒལ་བའི་ཕར་རྒྱབ་ན།།

ལུང་གཅིག་ལུང་གཉིས་ལུང་དང་གསུམ།། ལུང་འདི་ཚུ་བརྒལ་བའི་ཕར་རྒྱབ་ན།།

ཆུ་གཅིག་ཆུ་གཉིས་ཆུ་དང་གསུམ།། ཆུ་འདི་ཚུ་བརྒལ་བའི་ཕར་རྒྱབ་ན།།

ཐང་སྦོམ་ཡང་མི་སྦོམ་པདྨའི་ཐང་།། ཆུང་ཡང་མི་ཆུང་པདྨའི་ཐང་།།

ཐང་པདྨ་ཐང་གི་སྦུག་ལུ།། མཚོ་སྦོམ་ཡང་མི་སྦོམ་མེ་ལོང་ཙམ།།

ཆུང་ཡང་མི་ཆུང་མེ་ལོང་ཙམ།། མཚོ་མེ་ལོང་ཙམ་གྱི་སྦུག་ལུ།།

ཤིང་སྦོམ་ཡང་མི་སྦོམ་ཁྱུ་གང་ཙམ།། ཆུང་ཡང་མི་ཆུང་ཁྱུ་གང་ཙམ།།

ཤིང་ཁྱུ་གང་ཙམ་གྱི་གུ་ལུ།། བྱ་སྦོམ་ཡང་མི་སྦོམ་ཐེབ་སྒྲོ་ཙམ།།

ཆུང་ཡང་མི་ཆུང་ཐེབ་སྒྲོ་ཙམ།། བྱ་ང་རའི་གཤོག་སྒྲོ་གཡས་པའི་འོག།

སྐྱེསཔ་ཁལ་ལྔ་ཅན་གྱི་མདའ་ཁྱད་ཡོད།། མདའ་རྐྱབ་མི་ཡོདན་རྐྱབ་ཤོག།

རྐྱབ་མི་མེདན་ཙང་ར་བཞག། བྱ་ང་རའི་གཤོག་སྒྲོ་གཡོན་པའི་འོག།

ཟབམ་ཁལ་ལྔ་ཅན་གྱི་ཐགས་ཁྱད་ཡོད།། ཐགས་འཐག་མི་ཡོདན་འཐག་ཤོག།

འཐག་མི་མེདན་ཙང་ར་བཞག། བྱ་ང་རའི་མཆུ་ཏོག་གུ་ལུ།།

ཆོས་ཀྱི་པོ་སྟི་ཁལ་ལྔ་ཡོད།། ཆོས་ལྷག་མི་ཡོདན་ལྷག་ཤོག།

ལྷག་མི་མེདན་ཙང་ར་བཞག་ཟེར་སླབ་ནི།།


༨༽ གངས་གཡས་ལས་འབབ་པའི་གཙང་ཆུ།། ཁྱོད་ཨ་རག་བདུད་རྩི་མནོ་བཞག་ཅི།།

ཁྱོད་ཆང་གི་དྲི་མ་མེདཔ་ལས།། ང་བདུད་རྩིའི་རེ་ཐག་ཆད་སོ་ཡི།།

གངས་གཡོན་ལས་འཁྲུངས་པའི་ཙན་དན་ཤིང་།། ཁྱོད་བསངས་དང་སྤོས་ལུ་མནོ་བཞག་ཅི།།

ཁྱོད་སྤོས་ཀྱི་དྲི་མ་མེདཔ་ལས།། ང་བསངས་ཀྱི་རེ་ཐག་ཆད་སོ་ཡི།།

དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག། ཁྱོད་གཡུས་ཀྱི་སྨོན་ཆུང་བུམོ་ཚུ།།

ངེ་གཉེན་དང་འགྲོགས་ལུ་མནོ་བཞག་ཅི།། བུམོ་ཁྱེད་ལུ་དམ་ཚིག་མེདཔ་ལས།།

ང་གཉེན་གྱི་རེ་ཐག་ཆད་སོ་ཡི།།


༩༽ མིའི་ལུས་རྟེན་ཐོ་པའི་ཡིད་འོང་མ།། ཁྱོད་འབྱུང་ཁུངས་མེད་པ་ག་ཅི་འབདཝ?

ཁྱོད་མིའི་བུམོ་ཨིན་ཟེརན།། ཚེ་འདི་དང་ཕྱི་མའི་མཐར་ལམ་སེལ།།

ཁྱོད་བདུད་ཀྱི་བུམོ་ཨིན་ཟེརན།། ང་གུ་རུའི་སྤྲུལ་པ་བཞེས་ཏེ་གིས།།

བདུད་དམ་ལུ་བཏགས་པའི་དཔེ་སྟོན་གེ།


༡༠༽ འཇའ་ཡང་ཁྱོད་ར་འཇའ་བས།། ལེགས་ཡང་ཁྱོད་ར་ལེགས་པས།།

མཁས་ཡང་ཁྱོད་ར་མཁས་པས།། ཁྱོད་ར་གཡུས་སྤངས་འགྱོ་ཚེ།།

འཁྱམས་ས་ཐིམ་ཕུག་ལུང་པ་མས།། མིག་ཏོ་དབང་ཆེན་དཔོན་ལུ་བལྟ།།

ཚེ་སྔོན་གྱི་ལས་འཕྲོ་མེད་པ་ཅིན།། ཁྱོད་དབང་ཆེན་དཔོན་པོ་ག་ལས་ཐོབ།།

འཇིག་རྟེན་མི་གནགཔོ་ཐོབ་པ་དཀའ།། ཁྱིམ་ཁང་བཟང་ཁྲིའི་གུ་ལུ།།

ཚོན་བཏང་པ་འཇིག་རྟེན་ཀུན་གྱི་དཔྱེ།། དུས་ད་རིས་ནངས་པའི་བུམོ་ཚུ།།

གདོང་གུ་ཚོན་བཏང་ལྟས་ངན་ཨིན།། གནམ་ཉི་མ་བལྟན་བགོད་བྲོ་བས།།

གནམ་ནུབ་མོ་བལྟན་འདྲོགས་སི་སི་མཐོང་མས།།


༡༡༽ ཤིང་ནགས་སུ་འཛོམས་ས་ཤིང་བཀག་ཅི།། སྟྭ་ཅུང་རྡོ་ལུ་མ་ཞུ།།

གངས་རི་སུ་འཛོམས་ས་དར་འཕྱར་ཡི།། དར་སྣ་རླུང་ལུ་མ་ཞུ།།

ཆུ་རོང་ཆུ་འཛོམས་ས་རྩལ་རྐྱབ་ཅི།།

རྩལ་ལག་རོགས་ལུ་མ་ཤོར་བར་སྡོད་སྡོད་པའི་མི་ཅིག་ཨིན་སྨ་རེ།


༡༢༽ ཁྱོད་དར་ཤིང་གཅིག་ལུ་དར་སྣ་དགུ།། ཁྱོད་དར་སྣ་དགུ་ར་འཕྱར་རུང་།།

ང་བྱང་གི་རླུང་མ་ཆད་ནི་མེད།། ང་རླུང་གི་འུར་སྒྲ་གསང་ནི་མེད།།

ཆུ་རོང་ཆུ་གཅིག་ལུ་ཆུ་ཆེན་དགུ།། ཁྱོད་ཆུ་ཆེན་དགུ་ར་འབབ་འོང་རུང་།།

ང་མཐའ་ཡས་རྒྱ་མཚོ་སྐམ་ནི་མེད།། ང་རྒྱ་མཚོའི་རྦ་བརླབ་གསང་ནི་མེད།།

དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག། ཕར་གཡུས་བཟང་གཅིག་ལུ་སྨོན་ཆུང་དགུ།།

ཁྱོད་སྨོན་ཆུང་དགུ་ར་འོང་རུང་།། ང་སྟག་ཤར་རེ་ཐག་ཆད་མི་ཚུགས།།

ངེ་གཉེན་གྱི་གྲོས་ཐག་བཅད་མི་ཚུགས།།


༡༣༽ བུམོ་ཁྱོད་དང་ཀ་ཀུ་རུ་བན་རྡོ་འདྲ།། བུ་ང་དང་དཔའ་རྟགས་ཤུགས་ཅན་འདྲ།།

ང་དཔའ་རྟགས་ཤུགས་ཅན་འོང་བའི་ཚེ།། ཁྱོད་ཀ་ཀུ་རུ་བན་རྡོ་སྡོད་རྒྱུ་མེད།།

སྡོད་རྒྱུ་མེད་རུང་ཨ་ཙི་བཞུགས།། བརྫམ་ཡི་བརྫམ་ཡི་བདའ་འཕྱད་གེ།


༡༤༽ ཤིང་ལ་ཛ་ཏ་ཛེ་ཏོ།། སྟྭ་རེ་རྐྱབ་ངོ་མ་བདེ།།

སྨོན་ཆུང་བག་ཏ་བོག་ཏོ།། བལྟ་ངོ་རྩ་ལས་མ་བདེ།།


༡༥༽ ཁྱོད་ཨ་རི་ནང་གི་ལྕང་ཅ།། ཁྱོད་སྐྱི་བསེར་རླུང་གིས་དཀྲོགསན་དཀྲོགས།།

མཇུག་རྟ་དང་ནོར་གྱིས་ཟ།། འབྲུ་སྣ་འབད་དེ་ཁྱོད་མི་སྡོད།།

དཔེ་མ་ཤེསན་དེ་དང་ཆ་འདྲཝ་ཅིག། ཁྱེད་གཡུས་ཀྱི་མཉམ་རོགས་གཞོནམ་ཚུ།།

ཕམ་ལས་བསླབ་བྱ་མིན་འདུག། བུ་ཚུ་གོ་བརྡ་མིན་འདུག།

གོ་བརྡ་མེད་པའི་རྣམ་ཅོག། ར་ལས་སྦེད་དེ་བཀོག་ད།།


༡༦༽ ཁྱོད་གཡུས་ཀྱི་ཚོ་མ་སྒརཔ་ཚུ།། ཡར་སྐར་ས་གྱངས་ཀྱིས་མི་ཆོད།།

ཆོདན་གྱངས་དགོ་མནོ་བའི་བློ་འདོད་དང་།། ཕར་རི་རྒྱལ་ཕང་མར་མི་འཁོར།།

འཁོརན་བཏབ་དགོ་མནོ་བའི་བློ་འདོད་འདུག་སྨ་རེ།།


༡༧༽ ཁྱིམ་དཀར་སྒོ་མེད་པའི་གནག་དུང་ན།། སེམས་མི་གཞི་མེད་པ་གདོང་བསྐོར་མས།།

ཡང་ཁྱིམ་གྱི་སྒོ་ར་སྟོན་དགོ་པས།། ཡངན་ཤི་ས་ལམ་མཇུག་རྐྱབ་དགོ་པས།།


^^མགུ་ལུ་འགྱོ།^^

3 responses

  1. རྡོ་རྗེ་རྒྱལ་མཚན། | Reply

    སློབ་དཔོན་ཆེན་པོ་ལགས། འདི་ནང་ལུ་ ང་གིས་ཡང་འདི་བཟུམ་གྱི་རྩོམ་ཡིག་ཚུ་ བཙུགས་ནི་གི་བློ་འདོད་ཡོད། ང་གིས་མཆན་བཏབ་ནི་ཅིག་ལས་བརྒལ་ རྩོམ་ཡིག་འབྲི་ནི་གི་གོ་སྐབས་མེདཔ་ཨིན་ན། གལ་སྲིད་ཡོད་པ་ཅིན་ ག་དེ་སྦེ་འབད་དགོཔ་ཨིན་ན་ གསུངས་གནང་མས་ལགས།

    1. སློབ་དཔོན་ཆེན་པོ! (Website) གཞན་ཚུ་བཟུམ་སྦེ་ འདི་ནང་ལུ་ སློབ་དཔོན་གྱིས་ བལྟ་ནི་དང་བསམ་འཆར་བཀོད་ནི་མ་གཏོགས་ རྩོམ་རིགས་བྲིས་ནིའི་གནང་བ་མེད། འདི་ནང་ ནང་བསྐྱོད་(Sign in) མ་འབད་བར་ ག་ནི་ཡང་བྲིས་ནིའི་རང་དབང་མེད་ལགས།

  2. ཤེས་རབ་རྡོ་རྗེ | Reply

    ང་བཅས་ཀྱི་གཞུང་སྐད་རྫོང་ཁ་གོང་འཕེལ་གཏང་དོན་ལུ་ འདི་བཟུམ་བློ་ཟེ་རིགས་དང་ གཞན་ཡང་ ཀུན་ཚང་ཤེས་ཡོན་སྐོར་དང་ རང་ལུགས་ཀྱི་རྩོམ་རིགས་ཚུ་ བཀྲམ་གནང་མི་ལུ་ ཡིད་ཆེད་དང་ངལ་རང་སྦོམ་ཡོད་ཟེར་ཞུ་ནི་ལགས། བཀྲིན་ཆེ།

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s